R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༥༤
[A:༥༤]པ། ལུགས་གཉིས་ཀྱི་འབྱོར་པས་མངོན་པར་བརྒྱན་པ་འདི་ནི་བདག་ཅག་གི་རྣམ་པར་འདྲེན་པ་འདིའི་ཡབ་ཡིན་ལགས། ཆོ་འབྲང་ངམ་ཞང་རིགས་ནི། ཕྱི་དར་བསྟན་པའི་སྲོལ་འབྱེད་དམ་པ་གླན་ཡེ་ཤེས་འབར་དང༌། ཡེ་ཤེས་བྱང་ཆུབ་ལ་སོགས་པ་དང༌། གསང་ཆེན་རྫོགས་པ་ཆེན་པོའི་བསྟན་པའི་སྲོག་འཛིན་པ། ལྷ་རྗེ་ཟུར་ཆུང་བའི་དངོས་སློབ། གླན་ཤཱཀྱ་བཟང་པོ། གླན་ཤཱཀྱ་བྱང་ཆུབ་སོགས་དང༌། གཞན་ཡང་རྒྱལ་བ་གཡུང་སྟེན་དང༌། གླན་བསོད་ནམས་མགོན་པོ། གླན་རྩོད་ཚ་ཉི་མ་ལྕམ་སོགས་སྐྱེས་ཆེན་དམ་པ་དུ་མ་བྱུང་བའི་གདུང་རུས་གསང་ཆེན་རྙིང་མའི་གྲུབ་མཐའ་འཛིན་པའི་སྔགས་རྒྱུད་གླན་ལྗོངས་ལྡན་མའི་བརྒྱུད་པ་དང༌། དེ་ལས་གྱེས་པ་ཁར་ཁ་འཕིར་བྱུང་གི་བརྒྱུད་པ་སོགས་མང་དུ་བྱུང་བའི། ཁར་ཁ་འཕིར་བྱུང་གི་རྒྱུད་ཕུན་ཚོགས་སྒྲོལ་མ་ཞེས་གཡོ་སྒྱུ་མེད་པའི་རང་བཞིན་བཟང་བ། བླ་མ་དང་ཆོས་ལ་མོས་ཤིང༌། ལས་འབྲས་ལ་ཞིབ་མོར་སྤྱོད་པ། ཡོ་བྱད་ལ་མངོན་ཞེན་ཆུང་བས་མཆོད་སྦྱིན་ལ་བརྩོན་པ། གཟུགས་དང་ལང་ཚོས་སྤྲས་པ། བུད་མེད་རིན་པོ་ཆེའི་ཡོན་ཏན་ཕལ་ཆེར་རྫོགས་པ་དེ་ནི་བདག་ཉིད་ཆེན་པོ་འདིའི་ཡུམ་ཡིན་ཅིང༌། གོང་དུ་བཤད་པའི་ཡབ་དེ་ཉིད་དགུང་ལོ་ཉེར་གཅིག་གི་ཐོག་གཞུང་ཞབས་རིན་པོ་ཆེའི་ཤངས་ཁུལ་གྱི་ཡོངས་བཞེས་སུ་ཕེབ་ཅིང༌། དེ་སྐབས་རྒྱལ་ཡུམ་འདི་ཉིད་ཀྱང་དགུང་ལོ་ཉེར་གཅིག་སོན་པ་སྟེ། དེའང་ཡོངས་རྫོགས་བསྟན་པ་རིན་པོ་ཆེ་དང༌། བྱེ་བྲག་རྗེ་བཙུན་ས་སྐྱ་པའི་སྙན་བརྒྱུད་བསྟན་པ་ཟབ་མོའི་སྲོག་ཤིང་བདག་ཆེན་ཆོས་ཀྱི་རྒྱལ་པོ་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་བལྟམས་པ་ནས་བཟུང་ལོ་གྲངས་ཉིས་བརྒྱ་རེ་གཅིག་པ་རབ་ཉིའི་ནང་གི་ལེགས་སྦྱར་སཾ་སྐྲྀ་ཏའི་སྐད་དུ་བྷཱ་ནུ་ཏཱ་ར། སྟོད་