[A:༥༢]དངུལ་གདུང་རིན་པོ་ཆེ་འདིའི་གཟུངས་གཞུག་ལ་སྟོན་པའི་འཕེལ་གདུང་འཁྲུལ་མེད་དང༌། རྗེ་བཙུན་རྡོ་རིངས་པ་ཆེན་པོའི་སྐུ་ཆོས་ཚང་མ་སོགས་གནས་གསར་པའི་ནང་རྟེན་ཐུགས་གཙིགས་ཅན་དུ་མ་བཞུགས། འཆད་རྩོད་རྩོམ་གསུམ་ལ་འགྲན་ཟླ་དང་བྲལ་ཞིང་གསང་ཆེན་བསྟན་པའི་སྲོག་ཤིང་ཆེན་པོར་བཞུགས་པ་ལས། བསྟན་པ་རིན་པོ་ཆེའི་གེགས་ཆག་བཟློག་ཏུ་མེད་པས་ས་ཕོ་བྱི་བའི་ལོ་བཀྲ་ཤིས་ཆོས་ཀྱི་སྡེ་ཆེན་པོའི་གནས་སུ་ཞག་བདུན་གྱི་བར་དུ་ཐུགས་དམ་ལ་བཞུགས་པ་སོགས་ངོ་མཚར་བའི་ལྟས་ཕུན་སུམ་ཚོགས་པ་དང་བཅས་ཏེ་མཁའ་སྤྱོད་དུ་གཤེགས། རྨོར་ཆེན་ཆོས་ཀྱི་རྒྱལ་པོ་གདན་དྲངས་ཏེ། སྐུ་གདུང་རིན་པོ་ཆེ་ཞུགས་ལ་འབུལ་བ་དང༌། འདྲ་སྐུ་བཞེངས་པ་སོགས་དགོངས་རྫོགས་རྣམས་ཞབས་དྲུང་ནམ་མཁའ་དོན་གྲུབ་རྒྱལ་པོ་དང༌། ལྕམ་སྲིང་མ་རྗེ་བཙུན་དྲུང་སོགས་ནས་བསྒྲུབ་པར་མཛད། ལྕམ་སྲིང་མ་གཅིག་གྲ་ནང་ཁུལ་སྒེར་སྒང་ནས་ཀྱི་སྲིད་འཛིན་དུ་བྱོན། རྗེ་བཙུན་མ་ཀུན་དགའ་ཚུལ་ཁྲིམས་དྲུང་ནི་ཐུགས་མཁྱེན་དཔྱོད་ནམ་མཁའ་ལྟར་ཡངས་པ། ཡབ་མེས་ཀྱི་བཀའ་སྲུང་མཆོད་པ་སོགས་ཐུགས་དམ་ལ་བརྩོན་པ་སྙིང་སྟོབས་དང་ལྡན་པས། རྡོ་རྗེ་འཆང་ངག་དབང་བློ་གསལ་མཆོག་ལྡན་དག་ཞིང་དུ་གཤེགས་པའི་དགོངས་རྫོགས་རྣམས་ཀྱང་ཕལ་ཆེར་འདི་ཉིད་ཀྱིས་ཐུགས་འགན་བཞེས་ཏེ་མཛད། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན་གྱི་ཐུགས་དམ་གཟིགས་དཔེ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཁྱད་འཕགས་བྱིན་ཅན་སོགས་གྲྭ་ཚང་དུའང་སྦྱོར་འཇགས་རྒྱ་ཆེར་མཛད། ཆོས་པ་བཟང་པོར་རློམ་པ་རྣམས་ཀྱང་འདིའི་དྲུང་དུུ་བག་ཞུམ་པར་འགྱུར་བ་ཞིག་ཡོད་སྣང༌། དགུང་ལོའང་བརྒྱད་ཅུ་ལྷག་པར་བཞུགས་སོ། །དེའང་གནས་