R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༥༥
[A:༥༥]འགྲེལ་ལས་ཉི་སྒྲོལ་བྱེད། ཙི་ནིའི་སྐད་དུ་གྱ་ཤིན། དབང་ཐང་དང་བསྟུན་པའི་ཤིང་ཕོ་སྤྲེའུའི་ལོ། །འབྱུང་བ་སུམ་ལྡན། ཁ་རལ། བཀྲ་ཤིས་ཀྱི་ཀླུང༌། ཕོ་བྲང་གླིང་དགུར་ཡུལ་ལྷའི་མེ་ལོང་གནས་པའི་ལོ། །བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོས་མུ་སྟེགས་ཚར་བཅད་པ་སོགས་ངོ་མཚར་བའི་ཆོ་འཕྲུལ་དུ་མ་བསྟན་པའི་དུས་བཟང༌། རྟ་ཟླའི་ནང་དུ་ཡུམ་གྱི་ལྷུམས་སུ་ཞུགས་མ་ཐག་ནས་ཡུམ་གྱི་སྐུའི་ཟོ་མདོག་བཟང་ཞིང༌། ཐུགས་ལ་སྔར་མེད་པའི་དགའ་བདེ་ཁྱད་པར་ཅན་འཁྲུངས་པ་དང༌། མནལ་ལམ་བཟང་པོ་ཁོ་ན་བྱུང་ཚོད་དུ་འདུག་ཀྱང༌། དེ་སྐབས་སུ་ཐུགས་འཛིན་དང་ཟིན་བྲིས་མ་ཐུབ་པས་འདིར་གསལ་བར་བཀོད་མ་ནུས། དེ་ལྟར་མངལ་གྱི་ཟླ་བ་ཡོངས་སུ་རྫོགས་ནས། ལོ་དེའི་ནུས་ལྡན་གྱི་དུས། རྟ་བདུན་དབང་པོ་གཞུ་ཁྱིམ་དུ་སྤྱོད་པའི་སྐབས། སྨལ་པོ་ཟླ་བ་སྟེ། སྔོན་གྱི་དུས་འཇམ་དབྱངས་ཀྱི་རྣམ་སྤྲུལ་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་དང༌། ཆོས་རྗེ་ཁུ་དབོན། ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་དང་ཐུགས་རྒྱུད་གཅིག་པའི་འཇམ་མགོན་ཨ་མེས་ཞབས་སོགས་མཁས་གྲུབ་ཀྱི་སྐྱེས་བུ་དུ་མས་ཟུང་འཇུག་གི་གོ་འཕང་མངོན་དུ་མཛད་དེ་བྱིན་གྱིས་བརླབས་པའི་དུས་ཆེན་རྣམས་དང་འདབ་འབྱོར། དམར་ཕྱོགས་རྫོགས་པ་གཉིས་པ་སྟེ། ཚེས་ཉེར་ལྔ། དུས་འཁོར་བའི་དབྱངས་ཨཱ༔ གསལ་བྱེད་པ། འབྱུང་བ་ནམ་མཁའ། འདོད་ཡོན་སྒྲ། དབྱངས་འཆར་རྒྱུད་ལས་གསུངས་པའི་དབྱངས་ཨཽ། གསལ་བྱེད་ཋ། འབྱུང་བ་ནམ་མཁའ། འདོད་ཡོན་སྒྲ། དར་གུད་སྨིན་པ། རེས་གཟའ་ནམ་མཁའི་ཏོག་གམ་བཅུ་གཉིས་བདག་པོ། ཡང་དག་པའི་ལམ་ལས་དྲངས་པས་དར་བ།