R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A):
[A:༥]ལས་མགོན་ལྔ། །བེག་ཙེ་དཀར་བདུད་ཕུར་སྲུང་ལས་གཤིན་སོགས། །སྲུང་མའི་དབང་པོས་བྱང་ཆུབ་བར་དུ་སྐྱོངས། །དབང་ཆེན་རིག་བྱེད་ཚོགས་བདག་འདོད་པའི་རྒྱལ། །དགོས་འདོད་ཆར་འབེབས་རྣམ་སྲས་ཛམ་ལའི་ཚོགས། །ནོར་རྒྱུན་དབྱུ་གུ་མཆེད་སོགས་གཏེར་བདག་གིས། །ཕྱོགས་ལས་རྣམ་པར་རྒྱལ་བའི་དགེ་ལེགས་སྩོལ། །དེ་ལྟར་རྩ་བརྒྱུད་བླ་མ་ཡི་དམ་ལྷ། །ཆོས་སྲུང་ནོར་ལྷར་བཅས་ལ་གུས་བཏུད་ནས། །སྐྱབས་གནས་ཀུན་འདུས་དྲིན་ཆེན་རྡོ་རྗེ་འཆང༌། །གནས་གསར་འཇམ་མགོན་ལེགས་པའི་མཚན་ཅན་གྱི། །རྣམ་ཐར་ཡོན་ཏན་རྒྱ་མཚོའི་ཀློང་ཡངས་ལས། །ཆུ་ཐིགས་ཙམ་ཞིག་དད་པས་རབ་བླངས་ཏེ། །བདག་སོགས་གདུལ་བྱའི་བསོད་ནམས་བགོ་སྐལ་དུ། །ལེགས་པར་བཤད་ཀྱི་སྐལ་བཟང་དགའ་བས་ཉོན། །ཞེས་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་སྲས་དང་སློབ་མར་བཅས་པའི་སྣང་བརྙན་ཐ་དད་དུ་བསྟན་ཀྱང༌། གང་ཐུགས་ཡེ་ཤེས་ངོ་བོར་རོ་གཅིག་པའི་ཡུལ་ཁྱད་པར་ཅན་རྣམས་ལ་མཆོད་པར་བརྗོད་པ་དང་བཤད་པ་དམ་བཅས་ནས་སྐལ་བཟང་སྤྲོ་བ་བསྐྱེད་པའི་ཚིགས་བཅད་ཅུང་ཟད་ཙམ་གྱིས་སྔོན་བསུས་ཏེ་གླེང་བར་བྱ་བ་ནི། གང་གི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་གནས་ལས་བརྩམས་ཏེ་ངོ་མཚར་གྱི་གཏམ་མཐོང་ཐོས་ཀྱི་ལེགས་བྱས་ཕྲ་མོས་ཀྱང་རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་གཟིགས་པའི་རྒྱུན་ཡིད་ལ་འཇུག་པར་མཛད་པ་པོ་ནི་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ཉིད་ཡིན་ལ། དེ་ལྟ་བུའི་ཡོན་ཏན་གྱི་ཆ་ཤས་ཙམ་བསྔགས་པས་ཀྱང་གྲངས་མེད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་