[A:༦]འཕེལ་བར་འགྱུར་བས་ན། རང་ཉིད་དམ་པའི་རྗེས་སུ་འཇུག་པའི་སྤོབས་པ་དགེ་བ་ཁྱད་པར་ཅན་ཐོབ་པའི་ཆེད་དང༌། རྗེ་བླ་མ་གང་གི་གཞལ་དུ་མེད་པའི་བཀའ་དྲིན་གྱི་ཕུང་པོ་མངོན་པར་དྲན་པས་དབང་བྱས། དད་པ་དང་བློ་གྲོས་ཅན་གཞན་དག་ཀྱང་རྨད་དུ་བྱུང་བའི་མཛད་ཕྲིན་གྱི་རྗེས་སུ་ངེས་པར་འཇུག་གྲང་སྙམ་པའི་ལྷག་བསམ་ཟླ་བ་ཚེས་པ་ལྟ་བུས་ཉེ་བར་བསྐུལ་ཏེ། ཐོས་པ་དོན་དང་ལྡན་པའི་ངོ་མཚར་ཅན་གྱི་གཏམ་མཐའ་ཡས་པ་དག་རང་བློས་ཇི་ལྟར་ནུས་པ་ཙམ་ཞིག་བརྗོད་པ་འདིར་ཡང་རྡོ་རྗེ་སློབ་དཔོན་སོགས་དམ་པ་རྣམས་ཀྱི་ཡོན་ཏན་བསྔགས་དགོས་པའི་རྒྱུ་མཚན་དང༌། རྒྱུ་མཚན་ཅན་གྱི་དམ་པའི་རྟོགས་བརྗོད་དངོས་ལ་འཇུག་པ་གཉིས་ཀྱི་སྒོ་ནས་བསྙད་པར་བྱ་བ་ལས། དང་པོ་ནི། མདོ་ལས། འདི་ལྟར་འཇིག་རྟེན་ན་རིགས་ཐམས་ཅད་ཀྱི་བླ་མར་གྱུར་པ་ཤཱཀྱ་རྣམས་ཀྱི་སྐྱེས་པའི་རབས་བཟུང་ཞིང་ཆུབ་པར་བྱས་ནས་གཞན་ལའང་རྒྱ་ཆེར་བསྙད་ན་ཆོས་དང་མཐུན་པའི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འབྱུང་ལ། ཡོན་ཏན་བསམ་གྱིས་མི་ཁྱབ་པ་འཕེལ་བར་བྱེད་པ་ཡིན་ནོ། །ཞེས་གསུངས་པ་ལྟ་བུ་དང༌། རྒྱུད་ལས་ཀྱང༌། སློབ་དཔོན་ཡོན་ཏན་གླེང་བྱ་ཡི། །སྐྱོན་རྣམས་ནམ་ཡང་མ་ཡིན་ནོ། །ཞེས་པ་དང༌། སྐྱོན་བརྗོད་པས་ནི་དངོས་གྲུབ་མེད། །ཆུ་ལ་འོ་མ་རང་ཞུགས་པ། །དེ་བཏོན་ནས་ནི་ངང་པས་འཐུང༌། །དེ་ལྟར་བླ་མའི་ཡོན་ཏན་གཟུང༌། །ཏིལ་དང་གསེག་མ་འདྲེས་པ་ལས། །གསེག་མ་དག་ལ་བྲོ་མེད་དང༌། །ཏིལ་གདུས་ནས་ནི་ཁུ་བྱུང་ཟ། །དེ་ལྟར་བླ་མའི་ཡོན་ཏན་གཟུང༌། །ཇི་ལྟར་ཏིལ་མཁན་མཁས་པ་ཡིས། །ཏིལ་