R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༦༠
[A:༦༠]བཅོ་ལྔར་མཁན་ཆེན་རྡོ་རྗེ་འཆང་གཞོན་ནུ་བློ་གྲོས་ཉིད་རང་བསྟན་གྱི་སྲོག་འཛིན་པའི་ཐུགས་བསྐྱེད་རྨ་མེད་པས་བསམ་བཞིན་དུ་བྱོན་པ་རྨོར་ཆེན་རྡོ་རྗེ་འཆང་ཆེན་པོ་ཉིད་འདུས་ཚོགས་རྒྱ་མཚོས་བསྙེན་བཀུར་དང་བཅས་ཏེ་ཞབས་ཟུང་སེང་གེའི་ཁྲི་ལ་མངོན་པར་བཀོད། གེ་ར་ཆོས་མཛད་བསོད་ནམས་སྣང་བྱེད་དང༌། གེ་རའི་གཉེར་པ་ཕག་སྐྱག་སོགས་ཀྱིས་གཙང་ནས་ཡུམ་སྲས་གཉིས་གདན་དྲངས་ཏེ། རིམ་པར་ཉང་གཞུང་དང་ཡར་འབྲོག་བརྒྱུད་དེ། འགལ་བ་ཞེས་པ་ས་མོ་གླང་གི་ལོ་ཟླ་བ་ལྔ་པའི་ནང་དུ། བཀྲ་ཤིས་དང་དགེ་མཚན་དུ་མས་མངོན་པར་སྤུད་པའི་གནས་གསང་ཆེན་ཟབ་མོའི་ཆོས་སྒྲ་རྒྱུན་མི་འཆད་པར་སྒྲོགས་པའི་བཀྲ་ཤིས་ཆོས་ཀྱི་སྡེ་ཆེན་པོར་ཞབས་སེན་གྱི་པདྨོ་རྣམ་པར་བཀོད་པ་ན། སྙན་བརྒྱུད་བསྟན་པའི་ཉི་མས་ཕན་བདེའི་པད་ཚལ་རྣམ་པར་བཞད་པའི་དགེ་མཚན་རྨད་དུ་བྱུང་བའི་སྐྱ་རེངས་ཅིར་ཡང་ཤར་བས་ནག་ཕྱོགས་བདུད་སྡེའི་སྨག་རུམ་མཐའ་དག་བ་མོར་ཉི་ཟེར་རྣོན་པོས་བྲན་པའི་ཆབ་རོམ་ལྟར་འགྱུར་བའི་སྒོ་ཡངས་པོར་དོད་དོ། །དེ་སྐབས་དབུས་ནས་གདན་འདྲེན་པ་བྱུང་བའི་ཚེ། ཞབས་དྲུང་གཞོན་ནུའི་ཐུགས་ལ་ངེད་འགྲོ་བའི་ཆོས་སྡེ་དེ་ཇི་ལྟ་བུ་ཞིག་ཡོད་དམ་དགོངས་པ་ན། རི་ནག་པོ་རྩྭ་དང་ཤིང་གིས་གང་བ། ལོགས་སུ་ཆུ་བོ་ཆེན་པོ་དལ་གྱིས་འབབས་པ། གཙུག་ལག་ཁང་དང་དགེ་འདུན་གྱི་གནས་ཁང་རྣམས་བཀོད་པ་ཕུན་སུམ་ཚོགས་པ། སྔར་གཟིགས་མྱོང་མྱོང་འདྲ་བའི་བཟའ་ཤིང་གི་རིགས་དུ་མ་ཡོད་པ་དེ་རྣམས་འདི་ལྟ་བུ་ཞིག་ཡིན་དགོངས་པ་ལས། གསུང་གིས་འདི་ནི་འདིའོ་ཞེས་སྐབས་དབྱེ་བར་མི་ནུས་པ་ཞིག་ཐུགས་ལ་གསལ་བར་བྱུང་བར། རྗེས་སུ་གཟིགས་ཚེ་གོང་དཀར་ཆོས་སྡེ་ཡིན་པར་འདུག །ཅེས་དམ་པ་མཆོག་གི་བཀའ་