[A:༦༡]ལས་ཐོས་པ་ནི། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན་གྱི་ཡང་སྲིད་དུ་ཞལ་གྱིས་བཞེས་པ་ལ་ཐེ་ཚོམ་མི་མངའ་འོ། །ཉང་སྟོང་གནས་གསར་དུ་ཕེབ་ཚེ་སྐྱ་སེར་ཐམས་ཅད་ཀྱིས་གུས་པས་འདུད་ཅིང་བསྙེན་བཀུར་རྒྱ་ཆེར་བསྟར། ལྷག་པར་རྒན་མོ་ཞིག་གིས་ཕྱག་རྟེན་དུ་སྨན་རྩེ་ཞིག་ཕུལ་བ་ན་ཐུགས་དགྱེས་པའི་ཚུལ་གྱིས་བཞེས་ནས་ཕྱག་དབང་མཛད་པས། རྒན་མོ་དད་པའི་ཤུགས་ཀྱིས་དྲངས་བའི་མཆི་མ་ལྷུང་བ་ནི། ཡང་སྲིད་གོང་མའི་བག་ཆགས་སུ་མངོན། དེ་ནས་རེ་ཞིག་བར་ཁེ་གསུམ་ཆོས་མཛད་ལུང་རིགས་རྒྱ་མཚོས་འཚོ་སྐྱོང་གི་ཞབས་ཏོག་མཛད་དེ་བཀྲ་ཤིས་ཆོས་སྡེའི་ཟུར་ལྕོག་ཏུ་གཏན་ཆགས། དེ་ཚེ་འཇམ་ཞིང་ཡང་བའི་ན་བཟའ་དང༌། རོ་མཆོག་ཕུན་སུམ་ཚོགས་པའི་བཟའ་བ་དང་བཅའ་བས་མཆོད་ཅིང༌། ཉིན་རེ་བཞིན་རིན་ཆེན་ཟངས་ཀྱི་ཡོལ་གོར་ཆབ་རྒྱུན་གྲང་དྲོ་སྙོམས་པས་བཀང་སྟེ། ཞབས་དྲུང་གཞོན་ནུའི་སྐུ་ལུས་ལེགས་པར་བཀྲུས། རས་གསར་པའི་སྟེང་དུ་བཞུགས་སུ་གསོལ་ནས། རྩྭི་མར་གསར་པ་བཞུ་བའི་ཁུ་བས་སྐུ་ལུས་ཡོངས་སུ་ཁྱབ་པར་བྱུག་པ་ལ་སོགས་པ་སྐུའི་སྲི་ཞུ་ལ་མངོན་པར་བརྩོན་པར་མཛད། ཅེས་ཐོས་ཤིང༌། གནས་ཀྱི་སློབ་དཔོན་བསོད་ནམས་སྣང་བྱེད་དང༌། བསོད་ནམས་རིན་ཆེན་གཉིས་ནས་ཡོན་ཏན་ཐམས་ཅད་ཀྱི་གཞི་མོ་ཡི་གེ་འབྲི་ཀློག་དང༌། ཆོས་སྤྱོད་ཀྱི་རིམ་པ་སོགས་འབུལ་བར་མཛད་པའི་ཚེ། ཇི་སྐད་དུ། ཆོས་ཀྱི་མ་མོ་མ་བསླབས་ཐུགས་སུ་ཆུད། །ཅེས་པ་ལྟར། འབྲི་ཀློག་ལ་སོགས་པའང་བརྡ་བསྟན་པ་ཙམ་གྱིས་ཐུགས་སུ་ཆུད་ཅིང་བྱང་བར་གྱུར་ཏེ། ཆོས་སྤྱོད་ཀྱི་རིགས་རྣམས་ཀྱང་ལན་རེ་ཟུང་རེ་ཙམ་གྱིས་ཐུགས་ལ་འདྲོངས་པས་དཀའ་བ་ཅིའང་མེད་པར་མཁྱེན་ཅིང༌། ལྕགས་ཡོས་ཟླ་བ་གཉིས་པའི་ནང་དུ། འཕགས་ཡུལ་པཎ་གྲུབ་དབང་པོ་ཀུན་གྱི་