[A:༦༢]གཙུག་གི་ནོར་བུ། མདོ་རྒྱུད་སྤྱི་དང༌། ཁྱད་པར་ཡོ་གའི་སྲོལ་འབྱེད་ཆེན་པོ་རྒྱལ་ཡུམ་ཚེ་སྦྱིན་དབང་མོས་མངོན་སུམ་དུ་བྱིན་གྱིས་བརླབས་པའི་གྲུབ་པའི་གཙུག་རྒྱན་དམ་པ་སློབ་དཔོན་ཀུན་དགའ་སྙིང་པོ་དེ་ཉིད་ཀྱི་འཕགས་བོད་ཀུན་ཏུ་རྣམ་པར་འཕྲུལ་པ་དུ་མས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ཅིང༌། ཁྱད་པར་ལྗོངས་འདིར་རྒྱལ་བསྟན་སྤྱི་དང༌། བྱེ་བྲག་ཁའུ་བྲག་རྫོང་པའི་ལུགས་བཟང་དྲི་མ་མེད་པ་དེ་ཉིད་གསལ་བར་མཛད་ཕྱིར་བསམ་བཞིན་དུ་སྤྲུལ་པའི་གར་གྱི་རྣམ་པར་རོལ་པ། རྨོར་ཆེན་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་ལྷུན་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་པདྨོ་ལ་གུས་པས་བཏུད་ཅིང༌། ཡང་སྲིད་དུ་མར་བླ་སློབ་ཏུ་གྱུར་པའི་ཐུགས་ཀྱི་བག་ཆགས་མངོན་པར་སད་པས་སྔར་འདྲིས་ཀྱི་མཛའ་བོ་ཕྲད་པ་ལྟར་བླ་སློབ་ཐུགས་ཡིད་གཅིག་ཏུ་འདྲེས་ཤིང༌། སྟོན་དང་བསྟན་པ་གཞན་ནས་མི་འཚོལ་བའི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་འཁྲུངས་པར་གདོན་མི་ཟ་ལ། འདི་སྐབས་རྨོར་ཆེན་རྡོ་རྗེ་འཆང་ཆོས་སྡེར་བཞུགས་ཞག་བཅོ་ལྔ་ཙམ་བཞུགས་ཀྱང་བཀའ་ཆོས་གནང་ཚུལ་རྨོར་ཆེན་རྣམ་ཐར་ན་མི་གསལ། དེ་ལོ་གྲྭ་ཚང་གི་ཞབས་བརྟན་འབུལ་བ་དང་ལྷན་དུ་ལྷ་ལྡན་དུ་ཆིབས་བསྐྱོད། དེ་སྐབས་པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ་རྒྱལ་བ་མཛད་པས་དེའི་དྲུང་དུ་གཙུག་ཕུད་འབུལ་བར་མཛད། མཚན་ངག་དབང་སྦྱིན་པ་ཞེས་གསོལ། དེ་ནས་ཆོས་སྡེར་ཕྱགས་ཕེབ། འདི་སྐབས་ཁེ་གསུམ་ཆོས་མཛད་ལྷ་ལྡན་དུ་དུས་ལས་ཡོལ་བས། ཞབས་འབྲིང་པ་དགེ་སློང་བློ་གྲོས་ཡེ་ཤེས་ཀྱིས་བགྱིས་ཤིང༌། དེ་ལོ་ནས་བཀྲ་ཤིས་ཆོས་སྡེ་བླ་བྲང་གི་ཕྱག་མཛོད་དང་གཉེར་པ་སྒོ་བསྟུན་གྱིས་བསྙེན་བཀུར་ལ་བརྩོན་པར་བྱས། དགེ་སློང་བློ་གྲོས་ཡེ་ཤེས་ཀྱང་ལུང་རྟོགས་ཀྱི་ཡོན་ཏན་