R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༦༣
[A:༦༣]དང༌། ཕྱག་རྫས་གཉིས་ཀ་ཧ་ཅང་ཆེ་བ་མེད་རུང༌། བླ་མ་གོང་མའི་བྱིན་རླབས་རྒྱུད་ལ་ཞུགས་པས་ཐུགས་དམ་ཆོས་སྤྱོད་འཕེལ་ཞིང༌། རྗེ་ཉིད་ལ་ལྷག་པར་གུས་པ་དང༌། སྐུའི་སྲི་ཞུ་ལ་བརྩོན་པར་ཡོད་འདུག་པས། དུས་ཕྱིའི་ཀྱང་དགེ་རྒན་བློ་གྲོས་ཡེ་ཤེས་ཞེས་ཐུགས་གཙིགས་ཆེ་བར་མཛད་པ་ནི། བྱས་པ་ཤེས་ཤིང་བྱས་པ་གཟོ། །ཞེས་པ་ལྟར། བྱས་པ་དྲིན་གཟོ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ངང་ཚུལ་བླ་ན་མེད་པའོ། །དེ་ནས་བོང་བུ་ཞེས་པ་ལྕགས་མོ་ཡོས་ཀྱི་ལོ། །གསང་ཆེན་སྨྲ་བའི་ཆོས་གྲ་ཆེན་པོ་བཀྲ་ཤིས་ཆོས་སྡེའི་གཙུག་ལག་ཁང་དུ་རྨོར་ཆེན་རྡོ་རྗེ་འཆང་ཆེན་པོའི་དྲུང་དུ་ཁྱིམ་པའི་རྟགས་ཆ་ལུགས་རྣམས་མཆིལ་མའི་ཐལ་བ་བཞིན་དུ་འདོར་བར་མཛད་ནས། བསྟན་པ་རིན་པོ་ཆེའི་སྒོར་ཕེབ་པའི་ཐོག་མར་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་ཡང་དག་པར་བཞེས་ཏེ་མཚན་ཀུན་དགའ་ལེགས་པའི་འབྱུང་གནས་ཞེས་སྩལ། ལོ་དེའི་མགོ་ཟླའི་ནང་དུ་རྡོ་རྗེ་འཆང་དེ་ཉིད་ཀྱི་སྤྱན་སྔར་ཚར་ཆེན་རྡོ་རྗེ་འཆང་རྗེས་འབྲངས་དང་བཅས་པའི་བཞེད་སྲོལ་ལྟར་དཀར་ལྷ་གསུམ་གྱི་ཆོས་ཀྱི་སྒོ་ཕྱེ་སྟེ་གསང་ཆེན་ཁའུ་བྲག་རྫོང་པའི་ཟབ་ཆོས་སྲུང་བའི་འཁོར་ལོ་རྡོ་རྗེ་བྲག་རྫོང་མའི་ཕྱི་ནང་གསང་གསུམ་གྱི་ཁྲིད་ཀྱིས་མཚོན་པའི་ཟབ་ཆོས་རྒྱ་ཆེར་གསན། གཞན་ཡང་གོང་དུ་བཤད་པའི་རྣམ་ཐར་ཞལ་གསུང་མ་དེ་ཉིད་ལས། ཟློག་མེད་དད་དང་སྙིང་རྗེའི་ནོར་གྱིས་ཕྱུག །ཐོས་བསམ་རྟོགས་པའི་ཤེས་རབ་མི་དམན་པས། །སྡོམ་གསུམ་རིན་ཐང་བྲལ་བའི་རིན་ཆེན་མཆོག །དྲི་མེད་རྒྱན་གྱི་ཕྲེང་བས་མཛེས་ལ་འདུད། །ཅེས་གསུངས་པ་ལྟར། དགའ་བ་ཞེས་པ་ཆུ་འབྲུག་དགུང་ལོ་དགུ་པའི་སྟེང་དུ་སྐྱབས་མགོན་རྨོར་