[A:༦༦] །གཞན་ཡང་གསང་ཆེན་འདུས་སྡེ་འདི་ཉིད་ན་བཞུགས་པའི་དབྱངས་རོལ་གར་སོགས་ཕྱག་ལེན་རྣམ་པར་དག་པ་རྣམས། ཆོས་མཛད་གཞོན་དུ་རྒྱལ་མཚན་དང༌། བསོད་ནམས་སྐལ་བཟང་ལས་དཀའ་ཚེགས་མེད་པར་གསན་ཅིང༌། ཆོས་སྡེར་བཞུགས་པའི་འཆམས་ཀྱི་རིགས་ནི་གཟིགས་ཡུལ་དུ་ཤར་བ་ཙམ་གྱིས་བདེ་བླག་ཏུ་མཁྱེན་ནོ། །སྐབས་འདི་དག་ཏུ་སྲུང་མདུད་ཞུ་བ་ཀུན་ལ་ཕྱག་མདུད་དང༌། དེ་ལ་ལྗགས་མཆིལ་བྲན་ཙམ་གནང་བས་ཆུ་བཏགས་འུར་བ་ཞེས་དྲག་ཏུ་འཁོར་བ་དེ་འདྲར་ཡང་བཏགས་ཙམ་ཉིད་ནས་སྐད་སྙན་པར་འབྱིན་ཅིང་འཁོར་དལ་བ་སོགས་བྱིན་རླབས་ཀྱི་མཚན་མ་མངོན་སུམ་འཕྲལ་དུ་མཐོང་ཞིང༌། སྲུང་མདུད་ཁོ་ནས་འགྲོ་ཕན་ཀྱང་བསམ་གྱིས་མི་ཁྱབ། དེང་སང་ནི་གནོད་བྱ་གནོད་བྱེད་ཀུན་ལ་ཕན་སེམས་བསྐྱེད་དེ་བྱས་ཀྱང་ཕན་གནོད་ཆེར་མེད་པ་འདྲ་ཞིག་འདུག་ཅེས་རྗེས་སོར་བཀའ་ལས་ཐོས། ཤིང་ལུག་ལོར་རྡོ་རྗེ་ཕྲེང་བའི་དབང་ཡོངས་སུ་རྫོགས་པ་བསྐྱར་ཆོས་སུ་གསན་ཞིང༌། གཞན་ཡང་རྒྱལ་ཡུམ་རྡོ་རྗེ་བཙུན་མོས་གྲུབ་ཆེན་ནཱ་རོ་ཏ་པ་ཆེན་པོ་ལ་དངོས་སུ་གདམས་པའི་སྙན་བརྒྱུད་གསེར་ཆོས་ཟབ་མོ་རྗེ་བཙུན་ནཱ་རོ་མཁའ་སྤྱོད་མའི་ཆོས་སྐོར་ཕྲ་ཞིབ་དང་བཅས་པ། དམར་པོ་སྐོར་གསུམ་གྱི་སྐོར་དང༌། མགོན་པོད་ཁ་སྐོང་དང༌། བཀའ་གདམས་གཞུང་དྲུག་སོགས་ལུང་གི་རིགས་དུ་མ་དང༌། ཕྱག་དྲུག་མགོན་བཀའ་བཅུ་གསུམ་གྱི་རྗེས་གནང་སོགས་རྗེས་གནང་གི་རིགས་ཤིན་ཏུ་མང་བ་གསན། འདི་སྐབས་ཕྲིན་ལས་ཀྱིས་འགྲོ་དོན་མཛད་པའི་དུས་སུ་མ་བབས་པས། ན་བཟའ་སྐོར་དང་འཚོ་བ་རང་འགྲིགས་ཙམ་གྱི་ཚུལ་བཞེས་སྟབས། ཆོས་ཡོན་ཀྱང་གསེར་དངུལ་སོགས་ཀྱི་དངོས་པོ་རིན་ཐང་ཅན་ནི་འབུལ་བ་གནང་རྒྱུ་བྱུང་ཚོད་དུ་མི་གདའ། འོན་ཀྱང་བསྔོ་རྟེན་འབུལ་