R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༦༧
[A:༦༧]མཁན་ཕྲན་ཚེགས་བྱུང་བའི་དངོས་པོ་རྣམས་ཀྱི་རས་དང་ལ་ཐ་སོགས་ལེགས་པ་རྣམས་ཕྱོགས་གཅིག་ཏུ་མཛད་དེ། རིག་འཛིན་ཆེན་པོ་ཀུན་བཟང་པདྨ་ཕྲིན་ལས་མཇལ་སྐབས་འབུལ་རྒྱུ་ཡིན་ཞེས་ཤིན་ཏུ་གཅེས་སྤྲས་ཀྱིས་སྦ་བར་མཛད། དེ་ཕྱིན་གྱིས་ཕྱག་རྫས་ཚང་མ་རྨོར་ཆེན་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཀྱི་ཕྱག་ཏུ་ཅི་འབྱོར་མཛད། ལན་གཅིག་རྨོར་ཆེན་རྡོ་རྗེ་འཆང་ཆེན་པོ་རྨོར་དགོན་དུ་ཆིབས་བསྒྱུར་གནང་སྐབས་ཞིག་ཞབས་དྲུང་སྐུ་ན་ཕྲ་མོ་དེས། ཁོ་བོ་རྡོ་རྗེ་བྲག་ཏུ་འཁྲིད་གྲོགས་མཛོད་ཅེས་སྤྱན་ཆབ་ཀྱིས་བརྣངས་པ་ལྟར་བཤུམ་པས། རྨོར་ཆེན་རྡོ་རྗེ་འཆང་ནས། ད་ལམ་ཞབས་དྲུང་གི་ན་བཟའ་ཡང་ངན་པ་དང༌། ངེད་ཚོའི་རྟ་དྲེལ་གྱིས་ཀྱང་ལྕོགས་པ་མེད་པས། སླད་མར་ན་བཟའ་ལེགས་པར་བཟོས་ཏེ་གདན་འདྲེན་ཞུ་ཞེས་གནང་བས་དབུགས་ཕྱུང༌། རྨོར་ཆེན་ཆོས་ཀྱི་རྒྱལ་པོ་རྡོ་རྗེ་བྲག་ཏུ་ཕེབ་སྐབས་རིག་འཛིན་ཆེན་པོས་བཀྲ་ཤིས་ཆོས་སྡེའི་ཞབས་དྲུང་ཆུང་ངུ་དེ་སྐུ་ཁམས་བདེ་བར་བཞུགས་སམ། ཞེས་སོགས་ཐུགས་བརྩེའི་སྒོ་ནས་བཀའ་འདྲི་མཛད་ཚེ། གོང་གི་གནས་ཚུལ་རྣམས་ཞུ་བར་མཛད་པས། རིག་འཛིན་ཆེན་པོ་ཡང་སྤྱན་ཆབ་ཡུན་རིང་མཛད་དེ། ཞབས་དྲུང་དེ་ཁྱེད་ཀྱིས་གདན་འདྲེན་ཞུས་ནས་མི་ཕེབ་པ་ཞེས་ཐུགས་མི་མཉེས་པའི་རྣམ་པ་མཛད་པ་སོགས་ནི། མངོན་པ་ཀུན་བཏུས་ལས། དྲན་པ་གང་ཞེ་ན་འདྲིས་པའི་དངོས་པོ་ལ་སེམས་ཀྱིས་མ་བརྗེད་པའོ། །ཞེས་པ་ལྟར་བླ་སློབ་གཉིས་ཀར་ཡང་སྔོན་གྱི་གནས་རྗེས་སུ་དྲན་པ་ཞེས་པའི་ཟག་མེད་ཀྱི་མངོན་ཤེས་དེ་མངའ་བའི་དགེ་མཚན་ཡང་དག་པའོ་སྙམ། དེ་སྐབས་ཞབས་དྲུང་ཡབ་ནས་བཞེས་སྤྲོ་གླང་པོ་ཆེ་ལ་ནོར་བུ་བཀལ་བའི་དབྱིབས་ཅན་ལོ་གསར་