[A:༦༥]ཁྲིད། གཤེད་དམར་སྐོར་ཟབ་ཅིང་ཐུགས་གཙིགས་ཆེ་བའི་དབང་ཁྲིད་ལུང་སོགས་ཤིན་ཏུ་མང་བར་གསན། འདི་སྐབས་ལིའུ་ཐང་གི་ཁམས་བཙུན་ངག་དབང་ལེགས་བཤད་ཟེར་བ་ཞིག་གིས་གཅོད་ཡུལ་སྐོར་ཞུས་པའང་ལྷན་ཅིག་ཏུ་གསན། ཆོས་མཚམས་གུང་སེང་སྐབས་སྐུ་རྩེད་ཀྱི་རྣམ་པས། བླ་བྲང་སྟེང་ན་གྲྭ་གཞོན་འགའ་ཞིག་ལ་གཅོད་ཁྲིད་ཀྱི་དམིགས་པ་འཕོགས་པའི་ཚུལ་མཛད་པ་ན་ཚིག་ཟུར་ཙམ་ཡང་མ་ཉམས་པར་བྱུང་བས། རྨོར་ཆེན་རྡོ་རྗེ་འཆང་གིས་གསན་པས་ཐུགས་ལྷག་པར་མཉེས། བྱིས་པ་རྣམས་ཀྱིས་བྱིའུ་དང་བྱི་བ་སོགས་བཟུང་ནས་སྲོག་བསླུ་ཞུས་ནས་སྐུར་མནབས་པའི་ན་བཟའ་སོགས་ཀྱང་སྲོག་བསླུའི་ཡོན་དུ་སྟེར་བར་མཛད། ལན་ཅིག་བྱིས་པ་ཞིག་གིས་སྐེ་རགས་སློང་མོ་ཞུས་པར། ཞབས་དྲུང་གཞོན་ནུ་ཉིད་ཀྱི་སྐུ་རགས་གསེར་སྐེད་དེ་གནང་བར། དགེ་རྒན་གྱིས་རྩད་གཅོད་ཞུས་པས་སྔོན་དུ་ཅང་མི་གསུང་ཞིང༌། རྗེས་སུ་སློང་མོ་བར་སྟེར་དགོས་བྱུང་བས་བྱ་ཐབས་མ་རྙེད་ཅེས་གསུང་བ་སོགས་མདོར་ན་བདག་བས་གཞན་གཅེས་ཀྱི་ཐུགས་བསྐྱེད་རླབས་པོ་ཆེ་དེ་ལྟ་བུ་ནི། སྦྱོར་བའི་སྔོན་དུ་སྙིང་རྗེ་དང༌། །ཞེས་སོགས་ལྟར། གཞན་རྐྱེན་ལ་མི་ལྟོས་པར་རང་ཆས་སུ་ཡོད་པས། ཐ་ན་ཁབ་སྐུད་ཙམ་གྱིས་མཚོན་པའི་དངོས་པོ་ཆེ་ཕྲ་ཅི་ཡིན་ཡང་ཞུུ་མཁན་བྱུང་ན་དེ་འཕྲལ་གནང༌། དགེ་རྒན་སོགས་ཀྱིས་རྩད་གཅོད་ཞུས་ན་ལན་ཅིའང་མི་གསུང་བ་སོགས་ལ་འདི་ལྟར་གནང་ཚེ་མགོ་མི་འཐོན་ཞེས་ཟོམ་པོའི་སྐུར་འདེབས་དང༌། སྐབས་འགར་ཧ་ཅང་རྒོད་དྲགས་པས། འདི་ནི་མཐའ་གཉིས་སུ་འགྱུར་ཞེས་ཀུན་གསལ་ཡངས་པའི་ཐ་གྲུར་བྱིས་བློའི་སྦར་ཚོད་འདེབས་མཁན་འདྲའང་བྱུང་བར་གྲགས་པ་ནི་ཤེས་བྱ་ལྐོག་ཏུ་གྱུར་པ་དག་གི་ཁྱད་པར་གྱི་ཆོས་ཡང་དག་པའོ།