R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༦༨
[A:༦༨]གྱི་ལེགས་འབུལ་གྲས་སུ་འབུལ་བ་གནང་བར་ཞབས་དྲུང་གཞོན་ནུ་ཐུགས་ཤིན་ཏུ་མཉེས་པས་ཐུགས་གཙིགས་ཆེ་བར་མཛད་པ། རྨོར་ཆེན་རྡོ་རྗེ་འཆང་གཟིམས་ཆུང་དུ་བཞུགས་པ་ལ་སྟེང་གི་རྒྱ་མཐོངས་ནས་གཟིགས་འབུལ་མཛད་དེ། སྐུ་ཞབས་འདི་ལ་དགེས་སམ། ཞེས་ཞུ་བར་མཛད་པས་ཁོ་བོ་ཤིན་ཏུ་དགའ་གསུངས་པས། དེ་ལྟར་ན་འདི་འབུལ་ཞེས་གསུངས་པར། དེས་ན་ཁྱེད་རང་ལ་མི་འོང་གསུངས་པས། སྐུ་ཞབས་མཉེས་ན་ང་ལ་མེད་ཀྱང་རུང་ཞེས། དེ་མ་ཐག་ཏུ་འབུལ་བར་མཛད་པས། རྨོར་ཆེན་རྡོ་རྗེ་འཆང་ནས་ཀྱང་རབ་ཏུ་དགྱེས་པའི་ཚུལ་མཛད་པས་ཐུགས་བློ་ཤིན་ཏུ་བདེ་བས་དེང་སང་བརྒྱ་འབུལ་མཛད་པ་ལས་ཀྱང་ཐུགས་ཚིམ་པ་ཞིག་བྱུང་བ། དབང་བཞིའི་ངོ་སྤྲོད་ལ། གསང་སྔགས་རྡོ་རྗེ་ཐེག་པ་ལ། །རྟེན་འབྲེལ་གནད་དུ་ཆེ་བར་བཞེད། །ཅེས་པ་ལྟར། རྟེན་འབྲེལ་གྱི་གནད་ལ་ཤིན་ཏུ་ཕན་པ་བྱུང་ཞེས་ཕྱིས་གསུངས་པ་དང༌། རྨོར་ཆེན་ཆོས་ཀྱི་རྒྱལ་པོས་ཀྱང༌། རྟེན་འབྲེལ་གྱི་གནད་འདི་ཅོལ་ཆུང་དུ་སྣང་ཡང་འབྲས་བུ་ཆེ་བས་འདི་ལ་སྐུར་པ་གདབ་ཏུ་མི་རུང་བར་གདའ་ཞེས་ཡང་ཡང་གསུངས་པར་སྣང༌། མེ་སྤྲེལ་ལོར་གྲྭ་རིགས་བློ་ངན་ཅན་རང་འདོད་ཕུགས་སུ་བཅུག་པ་སྡེ་དགོན་གྱིས་ཞབས་འདེབས་དང༌། ལར་རྒྱ་ཞེས་སོགས་མིང་སྙན་པོར་བཏགས་ཏེ། དོན་དུ་དམ་སེལ་གྱི་སྦྱོར་བ་རྩོམ་མཁན་རེ་གཉིས་ཀྱིས་ཐབས་ངན་གཡོ་འཕྲུལ་སྣ་ཚོགས་ལ་བརྟེན་པའི་རྐྱེན་དབང་ལས། ཨེར་ཁེ་དཱའི་ཚིང་ལ་མགོ་བཏགས་པའི་ཚ་བོ་རྨེ་རུ་ཨ་མཆོད་ཟེར་བས། བླ་བྲང་ཚ་ལེན་བྱས་ཏེ་ལོ་གཅིག་ཙམ་བཟུང་བས་ལུགས་གཉིས་ཀ་ནས་ཕྱི་ནང་གི་ལ་རྒྱར་ཕན་པ་ལྟ་ཅི། ཀུན་སྤྱོད་ངན་པ་ཁོ་ནས་ཀྱང་གྲྭ་ཚང་གི་མིག་ལྟས་ལ་གནོད་ཚབ་ཆེ་བས་སྡེ་དགོན་ཉམས་གུད་དུ་འགྲོ་བའི་སྒོ་དོད་པ། རིག་འཛིན་ཆེན་པོ་