R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༦༩
[A:༦༩]ཀུན་བཟང་པདྨ་ཕྲིན་ལས་སོགས། ཚར་ཆེན་ཆོས་ཀྱི་རྒྱལ་པོའི་རིང་ལུགས་དྲི་མ་མེད་པ་ཐུགས་དཀྱིལ་དུ་བཅངས་པའི་བླ་དཔོན་གྱི་ཐུགས་ཀྱིས་མ་བཟོད་པས་རྨོར་ཆེན་རྡོ་རྗེ་འཆང་ལ། ད་ཆ་ཁྱེད་ཀྱིས་ཚར་ཆེན་རྡོ་རྗེ་འཆང་གི་བསྟན་པ་དང༌། སྡེ་དགོན་གྱི་ལ་རྒྱར་དགོངས་ཏེ་དགོན་པ་ཚུར་ལེན་པའི་ཐབས་གནང་དགོས་ཚུལ་གསུངས་པ་བཞིན། རྨོར་ཆེན་རྡོ་རྗེ་འཆང་ཆེན་པོས་ཀྱང༌། དེ་དོན་ཁོ་ན་ཐུགས་ལ་བཅངས་ཏེ། རྒྱལ་པོ་ལྷ་བཟང་ལ་ཆོས་སྡེ་འདི་ཉིད་ལོ་དུས་ཀྱི་དཀྱིལ་འཁོར་སྒྲུབ་མཆོད་དང༌། ཆོ་ག་ཕྱག་ལེན་གང་ཅི་གཞན་དང་མི་འདྲ་བ་སོགས་ཀྱི་རྒྱུ་མཚན་ཕྲ་ཞིབ་ཞུ་བར་མཛད་པས། རྒྱལ་པོའང་ཐུགས་ངེས་པ་འདྲོངས་ཏེ། དགོན་པ་འཕྲལ་དུ་རྩིས་སྤྲོད་དགོས་ཚུལ་གྱི་བཀའ་རྒྱ་གནང་ཞིང༌། དེ་དོན་བཞིན་གསེར་འཕྱང་ཞེས་པ་མེ་བྱ་ལོར་ཚ་བོ་རྨེ་རུ་ཨ་མཆོད་ཟེར་བའི་ལག་ནས་རྨོར་ཆེན་རྡོ་རྗེ་འཆང་གིས་རྩིས་བཞེས་མཛད་དེ། དགོན་གནས་ཉམས་པར་སོར་ཆུད་ཀྱང༌། མངོན་པ་ནས་ཟང་ཟིང་མེད་པའི་ཚོར་བ་སྡུག་བསྔལ་དུ་གསུངས་པ་དང༌། བདག་ཅག་གི་སྟོན་པའི་ཞབས་ལ་སེང་ལྡེང་གི་ཚལ་བུ་ཟུག་པ་དང་ཚུལ་མཐུན་པར་མི་འགྱང་བར་དུས་འགྱུར་གྱི་དབང་གིས་རྨོར་ཆེན་རྡོ་རྗེ་འཆང་ལ་འོ་བརྒྱལ་སྣ་ཚོགས་བྱུང་བ། དེ་ནས་གྲོལ་ཏེ་ཆོས་སྡེར་ཕེབས་སྐབས་ཆིབས་སུ་སེར་སྦྲེང་སོགས་དུས་གནས་དང་བསྟུན་ན་ལེགས་པས་མི་དགོས་གསུངས་ཏེ་ཆོས་སྡེར་ཕེབ་ཐོག །ཚོགས་མང་ནས་སྒྲོལ་དཀར་ལ་བརྟེན་པའི་ཞབས་བརྟན་ལེགས་པོ་ཟབ་རྒྱས་དང༌། སྤྱི་སོས་རྨོར་ཆེན་རྗེ་ལ་དུས་འགྱུར་སྐབས་ཞབས་འགྱུར་དཔེ་མེད་ཞུས་པའི་དགེ་སློང་ནམ་རྒྱལ་ལ་དྲིན་གཟོའི་གོས་ཆེན་གྱི་སྣམ་སྦྱར་ཞིག་བསྟབས། དེ་ནས་མ་འགྱངས་པར་རྨོར་ཆེན་རྗེས་ཆོས་སྡེའི་