[A:༧༠]གདན་ས་དགོངས་ཞུ་མཛད་དེ་ཚོགས་དབུས་སུ་བསྟན་པ་སྤྱི་དང༌། བྱེ་བྲག་ཚར་ཆེན་ཡབ་སྲས་ཀྱི་བསྟན་པ་ཐམས་ཅད་ཀྱི་ཐུགས་ཁུར་ཡང་དག་དགོས་པའི་ཞལ་ཏ་བཟང་པོས་ནན་ཏན་སྩལ་ཏེ། ཆོས་དང་ཟང་ཟིང་གི་སྦྱིན་པས་ཕན་བདེའི་དཔལ་ལ་སྦྱར། གོང་དུ་བཤད་པ་ལྟར་གཅོད་ཁྲིད་དེ་གསན་སྐབས་ཙམ་ལ་ཡིན་ནམ། གང་ལྟར་ཡང༌། གཞོན་ནུ་དུས་ལ་ལར་ས་སྲིབ་ཙམ་ནས་ཆོས་སྡེའི་ལྟག་གི་དུར་ཁྲོད་དེར་བྱོན་ཏེ་གཅོད་སྐོར་ཉམས་བཞེས་མཛད་ཅིང༌། དེ་ན་བཙན་གནས་པའི་ཤིང་སྡོང་གཉེན་པོ་ཞིག་ཡོད་པ་དེའི་ཡལ་ག་བཅག་སྟེ་བཞུགས་གདན་གྱི་འོག་ཏུ་བཅུག་ནས་འཚུབས་འགྱུར་དང་ལྷོང་ཞིག་ཨེ་འོང་སྙམ་དུ་དགོངས་ཀྱང༌། ཅིའང་མ་བྱུང་གསུངས་པ་དང༌། སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ལ་ཐུགས་དད་ཤིན་ཏུ་ཆེ་བས་མཚན་མོ་མནལ་ལ་ཕེབ་ཁར་རྣམ་ཐར་གསོལ་འདེབས་ཆག་མེད་ལྟ་བུར་མཛད་ཅིང༌། བོད་ཡུལ་ནས་སྲིན་ཡུལ་དུ་ཕེབ་ཚུལ་དེ་གསུངས་པའི་ཚེ་སྤྱན་ཆབ་རང་དབང་མེད་པར་བྱུང་ཞིང༌། ཐུགས་ཀྱི་ཁྱེར་སོར་ཡང་སློབ་དཔོན་ཆེན་པོའི་ཞབས་རྗེས་སུ་འཁྲིལ་གྱིས་ཕེབ་པའི་ཐུགས་སྣང་དང་བཅས་མནལ་མཛད་པ་ཁ་ཤས་བྱུང་གསུངས་པ་དང༌། གཟིམས་མལ་དུ་མནལ་མེད་པའི་སྐབས་ཕལ་ཆེར་ལའང༌། ཐུགས་ཉམས་ལ་སྐུ་ལུས་ཇེ་ཆེ་ཇེ་ཆེར་སོང་སྟེ་གཟིམས་ཆུང་གི་ནང་ཁྲིགས་གང་ཉམས་བྱེད་པ་དང༌། ཐུགས་སྣང་དེ་སད་པ་བྱུང་ཞིང༌། དགུང་གྲངས་བཅོ་ལྔ་ཙམ་གྱི་བར་ལ་བར་སྲིད་ཀྱི་སྣང་བ་དེ་མ་བརྗེད་པས། སྐྱེ་སྲིད་ཚོར་སྣང་ཏུར་ཏུར་བ་ཡང་ཡང་བྱུང་ཞེས་གསུངས་པ་ནི་དགོངས་གཞི་གཞན་དུ་གཏད་པའི་ལྡེམ་པོའི་གསུང་ཁོ་ན་ཡིན་པ་དཔྱོད་ལྡན་དག་གིས་གསུང་འདི་ཉིད་ལས་འཁུམས་ཤིང༌། འཇམ་མགོན་ཨ་