R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༧༡
[A:༧༡]མེས་ཞབས་སྐུ་གཞོན་ནུ་གསུང་མཁྱེན་ཙམ་གྱི་ཐུགས་སྣང་ལ། ཡུལ་ཕྱོགས་ཀྱི་དབྱིབས་ཁའུའི་ཆུ་ཚན་སྐོར་འདྲ་བ་རྒྱ་གར་གྱི་ཡུལ་གྲོང་ཡིན་ཟེར་བ་ཞིག་འདུག་པ། དེའི་སྒོ་ནང་ན་ཡར་འབྱོན་དགོངས་ནས་ཅུང་ཟད་བྱོན་པ་ན་ལྕེ་སྤྱང་འདྲ་བའི་སེམས་ཅན་འཇིགས་སུ་རུང་བ་མཇུག་མ་རིང་ལ་སྦོམ་པོ་བྱས་པ་གཉིས་ཀྱིས་ཕེབ་ལམ་བགགས་ནས་མ་བཏང་བའི་ཐུགས་སྣང་ཤིན་ཏུ་གསལ་བ་དེ་ལ། ཕྱིས་གསུང་ལས། ཁོ་བོ་རྒྱ་གར་དུ་སྐྱེ་བ་ལེན་རྒྱུ་ཡིན་པ་ལ་ཅེ་སྤྱང་འདྲ་བའི་སེམས་ཅན་མཇུག་མ་རིང་པོ་བྱས་པ་གཉིས་ཀྱིས་ལམ་བགགས་ནས་རྒྱ་གར་ཕྱོགས་ལ་འགྲོ་མ་ཐུབ་པར་ལོག་པ་ཞིག་དྲན་གྱིན་འདུག་གསུངས་པ་དང༌། ཆ་འདྲ་བས་སྐྱེས་བུ་དམ་པ་རྣམས་ཐུགས་སྣང་གཅིག་པའི་ངོ་མཚར་རྟོགས་བརྗོད་ཀྱི་གྲས་དང༌། ཡང་སྐབས་ཤིག་ཚས་སྡེར་གནོད་པའི་གདུག་པ་ཅན་ཞིག་ལ་ཆེད་གཏད་ཀྱིས་ཟན་གཏོར་གྲུ་གསུམ་ཆུང་ངུ་ཞིག་བཞེངས། སེང་གདོང་མའི་ལྗགས་བཟླས་མཛད་དེ་དམིགས་བྱའི་ཕྱོགས་སུ་འཕངས་པས། དེའི་དབྱར་བྱད་མ་དེ་ཆུས་ཁྱེར་ནས་ཚེའི་དུས་བྱས་སོ། །འདི་ནི་ཚར་ཆེན་རྡོ་རྗེ་འཆང་གཞོན་ནུའི་ཚེ་འབྱུང་པོ་ཞིག་ཁྱིར་བརྫུས་ནས་མཐོ་འཚམས་པ་ན། བྱིས་པའི་འཁོར་དང་བཅས་གཏོར་བཟློག་གི་ལད་མོ་མཛད་པས་ཁྱི་དེ་ཁྲག་སྐྱུགས་ནས་ཤི་བ་དང་ཆོས་མཚུངས་པ་སོགས་ངོ་མཚར་བའི་རྣམ་ཐར་དུ་སྣང་ངོ༌། །འདི་དག་གི་དོན་བསྡུ་ན། སྐྱེ་འགྲོའི་རིམས་སྲུང་གུ་རུས་བྱིན་གྱིས་བརླབས། །སྲུང་མས་ལས་བསྒྲུབས་སྔོན་གནས་ཐུགས་ལ་ཤར། །གང་གི་གདན་སར་བསླབས་སྦྱངས་ཚེགས་མེད་མཁྱེན། །གནས་གསར་འཇམ་མགོན་གཞོན་ནུའི་རོལ་རྩེད་ཡིན། །ཞེས་སོ། །གཉིས་པ་ནི། རྣམ་ཐར་གསོལ་འདེབས་ཞལ་གསུང་མ་ལས། ཚེ་རབས་