[A:༧༤]བྲལ་མཁན་རིན་པོ་ཆེ་གཞོན་ནུ་བློ་གྲོས་ཀྱི་བཞུགས་གདན་སེང་གེའི་ཁྲི་ལ་ཞབས་སེན་གྱི་པདྨོ་མངོན་པར་བཀོད་པར། སྤྱི་སོ། བླ་བྲང༌། སྦྱིན་བདག་སོགས་ཀྱིས་ཞལ་དཀར། ལེགས་སྐྱེས། བསྙེན་བཀུར་ཡང་ཕུན་སུམ་ཚོགས་པར་བསྒྲུབས་ཤིང༌། གསང་ཆེན་ཟབ་མོའི་རིང་ལུགས་འཇིགས་པ་མེད་པ་གདོང་ལྔའི་དབྱངས་སུ་སྒྲོགས་པའི་སྔོན་འགྲོར། རང་གཞན་གྱི་དགེ་ཚོགས་ཆུ་བོའི་རྒྱུན་རྣམས་རྣམ་མཁྱེན་རྒྱ་མཚོར་འཇུག་པའི་ཐབས་མཆོག་བསྔོ་བའི་རྒྱལ་པོ་དཔལ་གྱི་མགུར་ལས་ཉེ་བར་འོངས་པའི་ལེགས་བཤད་མྱ་ངན་མེད་པའི་རོལ་མོས་ཕྱོགས་ཀུན་རྫོགས་པར་མཛད་པས་གཟུར་གནས་ཀུན་གསང་ཆེན་བསྟན་པའི་སྲོག་ཤིང་གནས་གསར་པ་ཡབ་སྲས་བརྒྱུད་པ་དང་བཅས་པ་ལ་མི་ཕྱེད་དད་པའི་རང་གཟུགས་མངོན་པར་གསལ་ཞིང་ལག་པའི་པདྨོ་ཟུམ་པ་དང་ལྷན་ཅིག་བསྟོད་བསྔགས་ཀྱི་མེ་ཏོག་ཅིའང་འཐོར་བར་བྱེད་ཅེས་ཐོས་སོ། །གོང་སྨོས་ལྟར་ལྗགས་སྔགས་སྲུང་མདུད་ཀྱིས་ཕན་ཆ་ཤིན་ཏུ་ཆེ་བས་ཞུ་མི་མང་དུ་བྱུང་བ་ན། རྨོར་ཆེན་རྡོ་རྗེ་འཆང་དེ་ཉིད་ལ་གཉན་ལྷོག་གདོན་ཞུད་སོགས་ལ་ཕན་པའི་སྔགས་ཤིག་ཞུ་བར་མཛད་པས། སྐུ་རྩེད་ཀྱི་རྣམ་པས་ས་སྐྱ་ལེགས་བཤད་ཀྱི་འགྲེལ་པར་བྱུང་བའི་བྲམ་ཟེ་གཙུག་ཕུད་ཅན་གྱི་རྫུན་སྔགས། ཨོཾ་སྒྲིམ་སྐབས་ཚོལ། ཀྱེ་མ་རེ་མཚར། ཕྱི་ནས་སྔོན་པར་འོང༌། དེ་ནས་ཁྱེད་རང་ཤེས། ཧུ་ཧུ་ཧུ་སྭཱ་ཧཱ། ཞེས་པ་དེ་ལྗགས་སྤོད་གནང་བས། འདི་འདྲ་སྔགས་མིན་པར་འདྲ་ཞུ་བ་གནང་བས། ཞལ་འཛུམ་པ་ཙམ་ཡང་མི་མཛད་པར་སྔགས་ལོས་ཡིན་གསུངས། ཕྱག་དཔེའི་ཁྲོད་ནས་ལེགས་བཤད་ཀྱི་འགྲེལ་པ་ཤོག་འཁྱར་ཞྀག་སྟོན་པར་མཛད་པས། སྐུ་ན་ཕྲ་སྟབས་གོང་འོག་ལ་