[A:༧༣]ཀྱང་མེད་ཅེས་གསུངས་པ་བཞིན། དོན་ལའང་གནས་པ་ཁོ་ན་ཡིན་ཏེ། རྨོར་ཆེན་རྡོ་རྗེ་འཆང་ཆེན་པོས་མཁན་ས་རྩིས་སྤྲོད་གནང་ནས། རྨོར་དུ་ཆིབས་བསྒྱུར་སྐབས་ཀྱི་རྣམ་ཐར་ལས། དབོན་རིན་པོ་ཆེ་ནི་བླ་གཡེར་མཐིལ་ན་བྱིས་པ་ཆུང་ངུ་ལྟར་བཤུམས་ཀྱིན་སྐྱེལ་བར་ཕེབ་བྱུང་ཞེས་བྱུང་བ་ལྟར་རོ། །འདི་ལོ་སྐྱབས་མགོན་རྡོ་རྗེ་འཆང་འདི་ཉིད་དགུང་ལོ་བཅོ་ལྔ་བཞེས་པར་རྒྱལ་བསྟན་སྤྱི་དང༌། བྱེ་བྲག་རྗེ་བཙུན་བརྩེ་བ་ཆེན་པོའི་རིང་ལུགས་ཀྱི་ཉིང་ཁུ། གསང་ཆེན་ཁའུ་བྲག་རྫོང་པའི་བཞེད་སྲོལ། ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་བསྟན་པ་འདི་ནི་ཁོ་བོ་ཅག་ཁོ་ནས་བཟུང་སྟེ་དར་ཞིང་རྒྱས་པར་བྱས་ལ་སྐལ་བཟང་གདུལ་བྱའི་བུང་བ་རྣམས། སྙན་བརྒྱུད་པདྨོའི་ཟེའུ་འབྲུ་ལས་འོངས་པའི་ཟབ་རྒྱས་གདམས་པའི་སྦྲང་རྩིས་མྱོས་པར་བྱའོ་དགོངས་པའི་ཐུགས་བསྐྱེད་རྨད་དུ་བྱུང་བས་ཉེ་བར་དྲངས་ཏེ། གངས་ཅན་ལྗོངས་ཀྱི་གྲུབ་པའི་དབང་ཕྱུག་ཆེན་པོ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་སངས་རྒྱས་གཉེན་སྟོན་དེ་ཉིད་ཕྱི་དར་བསྟན་པའི་སྲོལ་འབྱེད་ཆེན་པོ་མཉམ་མེད་དཱི་པཾ་ཀཱ་རའི་སྲས་ཀྱི་ཐུ་བོ། །འབྲོམ་དང༌། ཁུ་སྟོན་གཉིས་དག་སྣང་སྐྱེད་པར་བྱེད་པའི་མཚམས་སྦྱོར་མཁན། ཡོན་བདག་ཤཱཀྱ་མགོན་པོ་ཞེས་བྱ་བའི་རྒྱུད་དུ་སྐུ་འཁྲུངས་ཤིང༌། མཁས་བཙུན་བཟང་གསུམ་མཛོམ་པའི་སྙན་གྲགས་སྤུར་རྒྱལ་བོད་ཀྱི་ལྗོངས་སུ་མངོན་པར་གསལ་བས། བོད་ཤིང་སྒོ་ཅན་གྱི་རྒྱལ་པོ་སྣེའུ་གདོང་གོང་མའི་ཏི་ཤྲཱི་བཀུར་ཞིང༌། མཉམ་མེད་ཚོགས་སྡེ་ཆེན་པོ་བཞིའི་ཡ་གྱལ། ཚགས་མིག་ཚོགས་པའི་མཁན་ཐོག་ཉེར་གཅིག་པ་མཐུ་སྟོབས་དང་ནུས་པའི་མངའ་བདག །མཚུངས་