R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༧༥
[A:༧༥]ཐུགས་ཞིབ་ཅིའང་མ་བྱུང་བར་སྔགས་དེ་ཁོ་ནའི་ཐད་ལ་གཟིགས་པས་ཐུགས་ཡིད་ཆེས་ཏེ་ལྗགས་བཟླས་མཛད་པས་ནུས་པ་ཤིན་ཏུ་ཆེ་ཞིང༌། སྲུང་སྐུད་བཏགས་པ་ཙམ་གྱིས་གདོན་གདུག་པ་ཅན་ཡང་ཞི་ནུས་པར་བྱུང་བ་ནི་བླ་སློབ་གཉིས་ཀའི་ཆེ་བར་མངོན། ཀུན་ལྡན་ཞེས་པ་ལྕགས་བྱི་ལོར་དབྱར་སྨོན་དགའ་རིན་ཆེན་བསམ་གཏན་གླིང་དུ་ཕྱགས་ཕེབ་སྟེ། རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་དྲུང་ནས་ལུང་རྗེས་གནང་གི་རིགས་ཤིན་ཏུ་མང་བར་གསན་ཏེ། སླར་བསྟི་གནས་དམ་པ་ཉིད་དུ་ཆིབས་བསྐྱོད། འདི་ལོ་སྲིད་ཞིའི་གཙུག་རྒྱན་དམ་པ་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་བློ་བཟང་སྐལ་བཟང་རྒྱ་མཚོ་གསེར་ཁྲིར་ཕེབ་སྟེ། བོད་འབངས་ཐམས་ཅད་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་བའི་སྐབས་སུ་གྱུར་པས། ཐུགས་དགེས་པའི་པད་ཚལ་ཅིའང་བཞད་དེ། ཁྲི་འབུལ་རྒྱ་ཆེ་སྤོམ་མཐོ་བསྟར་བ་གནང་དགོས་དགོངས་ཀྱང༌། གསོག་འཇོག་ལ་བརྩོན་པའི་ཞབས་རིང་བ་བཟང་པོ་མེད་པར་མ་ཟད། དེ་དག་ཀྱང་བརྗེ་ལེན་མང་ཞིང༌། བླ་བྲང་རྩིས་བཞེས་འཕྲལ་དུའང་སོང་བ་བཅས། དངོས་པོའི་སྒོ་ནས་གནང་དཀར་བསྟན་ཙམ་བྱུང་འདུག་པ། ཞབས་འབྲིང་ལས་བྱེད་རྣམས་ནས་བློས་བླངས་ན་དེ་ཙམ་དགོས་དོན་ཅི་ལ་སྲིད་ཀྱང་ཇི་བཞིན་མ་བྱུང་འདུག་པ་བཅས། འོན་ཆོས་སྡིངས་སུ་རྒྱལ་སྲས་མཆོག་སྤྲུལ་རིན་པོ་ཆེ་འཇིགས་མེད་ཡེ་ཤེས་གྲགས་པར་གནས་ཚུལ་གནང་བས་ཁྲི་འབུལ་གྱི་དངོས་པོའི་མཐུན་རྐྱེན་རྒྱ་ཆེར་སྩལ་ཞིང༌། ཆིབས་བསུའི་ཆིབས་ཁལ་དང༌། ཞབས་འབྲིང་བ་སོགས་ཀྱང་ཆོས་སྡིངས་རང་ནས་ཐུགས་གྲ་སྒྲིག་པར་མཛད་དེ། རྒྱལ་སྲས་མཆོག་གི་སྤྲུལ་སྐུ་རིན་པོ་ཆེ་དང་ལྷན་ཅིག་ཏུ་སྟག་རྩེ་དངོས་