R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༧༦
[A:༧༦]གྲུབ་གླིང་ཁའི་བར་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་གཟིགས་ཆེན་པོའི་ཆིབས་བསུར་ཕེབ་སྟེ་ལྷ་ལྡན་དུ་མཇལ་ཕྱག་སོགས་གྲུབ་ནས་ཡར་ཀླུང་དུ་ཕྱགས་ཕེབ། འདི་ལོ་བདག་གི་དྲིན་ཆེན་རྩ་བའི་བླ་མ་དམ་པ་ཡབ་རྗེ་རྡོ་རྗེ་འཆང་སྐུ་མཆེད་ཡུམ་དྲུང་སྐུ་འཁོར་དང་བཅས་པ་གཙོ་ཆེར་རྒྱལ་དབང་རྡོ་རྗེ་འཆང་བདུན་པ་ཆེན་པོར་མཇལ་ཕྱག་ལེགས་འབུལ་མཛད་པ་དང༌། དབུས་ལྷོ་བྱང་གི་གནས་རྟེན་རྣམས་མཇལ་བར་ཕེབ་པ་དང་ཆབ་ཅིག་རྣམ་འདྲེན་དམ་པ་འདི་ཉིད་ཀྱིས་གདན་ས་ཡར་ཀླུང་བཀྲ་ཤིས་ཆོས་སྡེར་སྤྱན་འདྲེན་མཛད་དེ་ལུགས་ཟུང་དང་འབྲེལ་བའི་ཕུ་དུད་བླ་མེད་བཀའ་དྲིན་བསྐྱངས་ཡོད་པ་གོར་མ་ཆག་ཀྱང༌། དེ་སྐབས་ཀྱི་ཟིན་བྲིས་ཞིབ་པར་མ་རྙེད། འོན་ཀྱང་གནས་གསར་འཇམ་མགོན་གོང་མའི་ཐུགས་དམ་རྟེན་གུར་མགོན་འཇིམ་སྐུ་ཆུང་ངུ་ཞིག་དང༌། མགུལ་དུ་ཁྱད་མཚར་སོགས་འབུལ་གནང་ལ་ཡབ་རྗེ་དམ་པ་ཐུགས་གཙིགས་ཤིན་ཏུ་ཆེ་བར་མཛད། འཕར་བ་ཞེས་པ་ལྕགས་མོ་གླང་ལོར་བཀྲ་ཤིས་ཆོས་སྡེའི་འདུས་པའི་ཚོགས་དང་བཅས་ལྷན་ཅིག་ལྷ་ལྡན་དུ་ཕེབ་སྟེ། སྐྱབས་མགོན་རྒྱལ་བའི་དབང་པོར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་ཆོག་དང་འབྲེལ་བའི་སྒོ་ནས་ཞབས་བརྟན་རྟེན་འབྱུང་གི་གསོལ་འདེབས་མཇལ་འབུལ་མཛད་ཅིང༌། རིམ་བཞིན་སྨོན་དགའ་བསམ་གཏན་གླིང་དུ་ཕེབ་སྟེ། ཁྱབ་བདག་རྡོ་རྗེ་འཆང་རྨོར་ཆེན་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཞབས་པད་བརྟན་པའི་ཆེད་དུ་རྒྱལ་ཡུམ་ཚེ་སྦྱིན་དབང་མོའི་ཐུགས་དམ་གནད་ནས་བསྐུལ་ཞིང༌། དངོས་བཤམས་ཡིད་སྤྲུལ་གྱི་མཆོད་སྤྲིན་དང་ཆབ་ཅིག་པར་ལུང་དང་རིག་པའི་ལམ་ནས་ཉེ་བར་དྲངས་པས། ཞབས་པད་བརྟན་པར་བཞུགས་དགོས་པའི་གསོལ་