[A:༧༨]པ་རྣམ་རྒྱལ་ནས་ཤེར་སྦྱོང་མ་ནུས་པར་བརྟེན་གེར་རང་གནས་བྱུང་ཞིང༌། དེའང་རྗེ་འདི་ཉིད་དང་པོ་ནས་ཐོས་བསམ་སྒོམ་པ་ཁོ་ནའི་ཐུགས་བསྐྱེད་ལས་ས་རིས་དང་སྡེ་དགོན་གྱི་འཛིན་སྐྱོང་སོགས་ལ་ནན་ཏར་མི་དགྱེས་པའི་བླ་བྲང་རང་གིས་རིགས་འཛིན་བཞིན་པ་རྣམས་ཀྱང་དཀའ་ཚེགས་ཆེན་པོས་གྲ་ཚང་རང་དུ་སྦྱོར་འཇགས་གནང་བ་དེ་བཞིན་ཡིན་ཀྱང༌། ཡབ་རྗེ་ཞབས་དྲུང་དེ་ཉིད་ཀྱི་སྐུ་དྲིན་བསབ་པའི་ཕྱིར་ཞུ་དོན་སྔ་ཕྱི་རྣམས་ཀྱང་གནས་གསར་བ་རང་གི་ནང་རྟེན་ཁྱད་ཅན་དུ་མའི་ཕྱག་རྟེན་དང་བཅས་ནན་ཏན་ཆེན་པོས་ཞུ་བར་མཛད་ཅིང༌། དེ་སྟེང་ནས་ཐ་ན་གསོལ་ཞིང་གཅིག་ཙམ་ཡང་བདག་གཟུང་མ་མཛད་པར། ས་རིས་ཡོད་དོ་ཅོག་ཞབས་དྲུང་ཡབ་དེ་ཉིད་རང་ལ་རྩིས་སྤྲོད་མཛད་པ་ཡིན་ནོ། །དགེ་བྱེད་ཅེས་པ་ཆུ་ཕོ་སྟག །ཞང་ཞུང་གི་སྐད་དུ་ཟན་ཡང་སྟེ། ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོར་ཕྱོགས་འདུས་དང་གཉུག་མར་གནས་པའི་འདུས་པ་ཆེས་མང་བ་དང་ཆབ་ཅིག་པར། སྐྱབས་གནས་རྒྱ་མཚོའི་སྙིང་པོ་རྨོར་ཆེན་རྡོ་རྗེ་འཆང་ཆེན་པོའི་ཞབས་དྲུང་ནས་གསུང་ངག་རིན་པོ་ཆེ་སློབ་བཤད་ཐུན་མོང་མ་ཡིན་པ་དབང༌། བྱིན་རླབས། རྗེས་གནང༌། ཁྲིད། ལུང་དང་བཅས་པ་ཤིན་ཏུ་ཟབ་ཅིང་རྒྱས་པ་དང༌། རྒྱལ་ཡུམ་མཁའ་སྦྱོད་དབང་མོའི་སྐོར་སོགས་ཆོས་བཀའ་རྒྱ་ཆེར་གསན། གྲུབ་མཆོག་ཁའུ་བྲག་རྫོང་པའི་རིང་ལུགས་གསང་ཆེན་སྙན་བརྒྱུད་ཟབ་མོའི་ཚོགས་སྤྱི་དང༌། བྱེ་བྲག་གསུང་ངག་རིན་པོ་ཆེ་སློབ་བཤད་ཀྱི་སྐོར་རྣམས་བུམ་པ་གང་བྱོའི་ཚུལ་དུ་གསན་ཅིང༌། མ་སྨིན་སྨིན་བྱེད་རྒྱུའི་དབང་གི་སྐབས་དབང་སྟེགས་ཀྱི་དཀྱིལ་འཁོར་རྡུལ་ཚོན་གྱིས་འབྲི་བར་མཛད་པ་ལ། སྐྱབས་མགོན་དམ་པ་འདི་ཉིད་དངོས་སུ་བཞུགས་སུ་