R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༧༧
[A:༧༧]འདེབས་ཀྱང་མཛད་པར། རྗེ་བླ་མའང་ཐུགས་ལྷག་པར་མཉེས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྒོ་འཕར་རང་འགྲིག་ཏུ་གྱུར། ལོ་དེའི་ཟླ་བ་ལྔ་པའི་ནང་དུ་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཆེན་པོའི་ཉེ་འདབ་བུ་ཚལ་གྱི་ཕོ་བྲང་གོང་དུ། མདོ་སྔགས་རབ་འབྱམས་སྨྲ་བའི་བཤེས་གཉེན་དམ་པ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་སངས་རྒྱས་རྒྱལ་མཚན་དཔལ་བཟང་པོའི་དྲུང་ནས། རྒྱལ་པའི་བཀའ་འགྱུར་རོ་ཅོག་གི་ལུང་རྣམ་པར་དག་པ་གསལ་དག་སྙན་གསུམ་གྱི་སྒོ་ནས་ལེགས་པར་གསན་ཞིང༌། མདོ་མང་གི་ལུང་གསན་མཚམས་སུ་ཞབས་དྲུང་ཡབ་ནས། གནས་གསར་དང་ཀརྨ་ཤག་ཆེན་གཉིས་ཕྱིར་སློག་གི་ཞུ་དོན་རིམ་པར་མཛད་ཀྱང༌། ལྷུན་སྡིངས་པ་དང༌། བདེ་ཆེན་རབ་བརྟན་པ་སོགས་ཀྱིས་རྩོད་པ་བྱས་པས་ངལ་བ་འབྲེལ་མེད་དུ་གྱུར་པ་ཐུགས་ཀྱིས་མ་བཟོད་པར་ལྷ་ལྡན་དུ་ཕེབ་དགོས་བྱུང་ཞིང༌། མགྲོན་གཉེར་སྦི་ཆལ་ཆི་ངག་དབང་བློ་བཟང་ནས་སྣེ་སྦྱོར་ཡང་དག་གི །གུན་ཚེ་དབང་ནོར་བུས་ཆེད་གཉེར་མཛད་དེ་ལྷ་ལྡན་རུ་བཞིའི་རྒན་པོ་རྣམས་ལ་བདག་ཁུངས་སུ་ཡིན་རྩད་གཅོད་དང་བཅས། རྒྱ་བོད་ཀྱི་མི་སྣ་རྣམས་ཀྱིས་བཀའ་བགྲོས་ཐོག་ནས་ས་རིགས་བདག་ཐོབ་གང་ཡིན་བདག་འཛིན་མཛད་ཆོག་པའི་བཀའ་ཤོག་སྩལ་ཏེ། བསམ་ཡས་སུ་ཕྱིར་ཕེབ། སྔར་གྱི་ཆོས་འཕྲོ་རྣམས་གསན། སླར་ཡང་གེ་རའི་སྡེ་པ་རྣམ་རྒྱལ་ནས་གོང་ས་སྐྱབས་མགོན་ཆེན་པོ་གསེར་ཁྲིར་གེགས་མེད་དུ་ཕེབ་པའི་གཏམ་སྙན་སྐྱེལ་པའི་མི་སྣར་གོང་དུ་འཐོན་པའི་བདག་རྐྱེན་དུ་གེར་ཕྱིར་སློག་ཞུས་པར། སྐྱབས་མགོན་དམ་པ་འདི་ཉིད་ནས་ལྷ་སར་ཕེབ་སྟེ། གུན་ཚེ་དབང་ནོར་བུས་ཆེད་གཉེར་མཛད་པ་དང༌། སྡེ་