[A:༧༩]གསོལ་ཏེ། རྒྱལ་ཚབ་ཀྱི་སྲས་ཀྱི་ཐུ་བོ་མཆོག་ཏུ་དབང་བསྐུར་བས། ཐམས་ཅད་མཁྱེན་པ་ཀླུའི་ཞབས་ཀྱིས། དབང་ལམ་ལྟ་ཁྲིད་ཆ་ལག་ཡོངས་སུ་རྫོགས། །ཐུན་བཞིའི་དབང་དང་ཁ་སྦྱོར་རླུང་ལ་འབད། །འཁོར་འདས་དབྱེར་མེད་ལམ་ཟབ་བླ་མར་བཤད། །སློབ་བཤད་སྙིང་ལ་སྨིན་པར་བྱིན་གྱིས་རློབས། །ཞེས་པའི་དོན་མངོན་དུ་གྱུར་ཏོ། །དེ་དག་གི་དོན་བསྡུ་ན། གཞོན་ནུའི་ཚུལ་འཛིན་བསམ་ཡས་ཡོན་ཏན་བཀྲ། །ཤིས་པའི་ཆོས་སྡེའི་ཁྲི་ཆེན་ལ་བཞུགས་པའི། །སྤྱི་དང་བྱེ་བྲག་བསྟན་འགྲོའི་སྲོག་ཤིང་འདི། །གནས་གསར་འཇམ་མགོན་གོང་མའི་རྒྱལ་ཚབ་ཡིན། །ཞེས་སོ། །གསུམ་པ་ནི། དེའང༌། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་སོ་ཐར་གྱི་སྡོམ་པ་བསྲུངས་པས་གནས་སྐབས་སུ་མངོན་བར་མཐོ་བའི་སྲིད་པ་རྒྱུན་མར་ཐོབ་ཅིང༌། མཐར་ཐུག་སྒྲིབ་གཉིས་བག་ཆགས་དང་བཅས་པའི་དགྲ་ཚོགས་བཅོམ་པར་མེད་ཐབས་དང་བྲལ་བའི་ཕྱིར། སུམ་བརྒྱ་པར། ཉོན་མོངས་དགྲ་གཡུལ་རྒྱལ་བྱེད་ཚུལ་ཁྲིམས་ཏེ། །དགེ་ཚུལ་བརྟུལ་ཞུགས་ཆུ་ལོན་བརྩིགས་པ་དང༌། །འཆི་བའི་མཆེ་བ་འབྱིན་པར་བྱེད་པའི་ཐབས། །རྫོགས་པའི་བྱང་ཆུབ་དཔལ་ནོད་དབང་བསྐུར་ཡིན། །ཞེས་དང༌། འདུལ་བ་སྨན་གྱི་གཞིར། དགེ་སློང་དང་ཚུལ་ཁྲིམས་གོམས་པར་བྱས་ན་ཏིང་ངེ་འཛིན་ཡུན་རིང་དུ་གནས་པར་འགྱུར་རོ། །ཏིང་ངེ་འཛིན་གོམས་པར་བྱས་ན་ཤེས་རབ་ཡུན་རིང་དུ་གནས་པར་འགྱུར་རོ། །ཤེས་རབ་བགོམས་པར་བྱས་ན་འདི་ལྟ་སྟེ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ལས་སེམས་ཡང་དག་པ་ཁོ་ནར་རྣམ་པར་གྲོལ་