R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A):
[A:༧]སོགས་མར་ཁུར་འགྱུར་བ་བཞིན། །བླ་མའི་ཡོན་ཏན་གཞུར་ལ་གཟུང༌། །སྐྱར་མོས་མཚོ་ལས་ཉ་ལེན་བཞིན། །བླ་མའི་ཡོན་ཏན་རྣམ་པར་གཟུང༌། །ཞེས་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་སྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྙེན་བཀུར་བ་བས་ནི། རྡོ་རྗེ་སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་ལ་ཏིལ་མར་གྱིས་བྱུགས་པས་ཆེས་ཁྱད་པར་དུ་འཕགས་སོ། །ཞེས་དང༌། ལྷ་སྐུ་བྱེ་བ་སྟོང་བསྒོམས་པས། །བླ་མ་དྲན་པ་བསོད་ནམས་ཆེ། །ཞེས་པ་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་རིམ་པ་ལྔ་པ་ལས། །མཆོད་པ་ཐམས་ཅད་སྤངས་ནས་ནི། །བླ་མ་མཆོད་པ་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་འཐོབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་མདོ་རྒྱུད་བསྟན་བཅོས་མང་པོ་ནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་བརྗོད་པ་བས། རྡོ་རྗེ་སློབ་དཔོན་གྱི་ཡོན་ཏན་གྱི་ཆ་ཤས་ཙམ་བརྗོད་པ་བསོད་ནམས་ཆེ་བར་གསུངས་པ་ཡིན་ལ། དེའི་རྒྱུ་མཚན་ཡང༌། བ་ཚྭ་ཅན་ཆུ་ཀླུང་གི་མདོ་ལས། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ཉིད་སློབ་དཔོན་གཟུགས་འཛིན་ཏེ། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་བསྐྱེད། །ཅེས་དང༌། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས། རྡོ་རྗེ་སེམས་དཔའ་ལྟ་བུ་ཡི། །དེ་ལྟར་སློབ་དཔོན་གཟུགས་འཛིན་ཏེ། །སེམས་ཅན་རྗེས་སུ་གཟུང་དམིགས་ནས། །ཕལ་པའི་གཟུགས་སུ་གནས་པའོ། །སློབ་དཔོན་སྟོན་པ་གྱུར་པ་ནི། །སངས་རྒྱས་རྣམས་ཀྱིས་ཕྱག་མཛད་པས། །བདག་ཅག་རྣམས་ཀྱི་