[A:༨]ཕ་དང་མ། །འདི་ཉིད་ཡིད་ལ་བསམ་པར་བྱ། །ཞེས་པ་དང༌། གང་ཕྱིར་ཡེ་ཤེས་རྡོ་རྗེ་ནི། །མཉེས་པས་མྱུར་དུ་འཐོབ་པར་འགྱུར། །དེ་ཕྱིར་སློབ་དཔོན་དྲུང་གཤེགས་ཏེ། །དེ་བཞིན་གཤེགས་རྣམས་ཕྱག་མཛད་དོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་ལྟར། ཐར་འདོད་རྣམས་ལ་མ་ནོར་བའི་ལམ་ཚུལ་བཞིན་དུ་འདོམས་པར་མཛད་པའི་བཤེས་གཉེན་དམ་པ་ཟབ་མོའི་སྨིན་གྲོལ་གྱི་བཀའ་དྲིན་སྩོལ་བར་མཛད་པའི་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་དག་ནི་ཇི་ལྟར་ན་མཐའ་ཀླས་པའི་ནམ་མཁའི་ཁྱོན་གྱིས་གཞལ་བའི་སྐྱེ་རྒུ་རྣམས་ཀྱི་ཉེར་འཚོའི་དབང་པོར་གྱུར་པ། གཏིང་དཔག་དཀའ་བའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་ཆུ་མཚོ་ལས་ལེགས་པར་འོངས་ཤིང༌། ཚོགས་གཉིས་རླབས་པོ་ཆེའི་དྲི་བཞོན་གྱིས་ཉེ་བར་དྲངས་ཏེ། སྒྲིབ་གཉིས་ཆུ་ལྡན་གྱིས་དབེན་པའི་ཆོས་སྐུ་བདེ་བ་ཆེན་པོའི་མཁའ་དབྱིངས་སུ་ལེགས་པར་སོན་ནས། གཟུགས་སྐུ་རྣམ་གཉིས་ཀྱི་རོལ་རྩེད་ཟླ་ཉིའི་དཀྱིལ་འཁོར་རྨད་དུ་བྱུང་བ་ལས། རིས་མེད་པའི་ཕྲིན་ལས་ཀྱི་འོད་ཟེར་གྲངས་མེད་པ་དུས་རྟག་ཏུ་འཕྲོ་ཞིང་འཕྲོ་བའི་ངང་ཚུལ་ཅན་གྱི་བདེ་བར་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་ཟློས་གར་ལས་གཞན་དུ་མེད་པའམ། ཡང་ན་རྒྱལ་བ་ཉིད་ཀྱང་རྡོ་རྗེ་སློབ་དཔོན་ཆེན་པོ་དག་གི་རྣམ་པར་རོལ་བ་ལས་མ་འདས་པ་ཉིད་ཡིན་ལ། དེ་ལྟ་བུའི་རྒྱལ་བའི་དབང་པོ་རྣམས་ནི་ནམ་ཡང་ཟབ་མོ་ཆོས་ཀྱི་སྐུ་ཉིད་ལས་གཡོ་བ་མེད་བཞིན་དུ་ཇི་ལྟར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་དང༌། དཔག་བསམ་གྱི་ཤིང་ལྗོན་པ་ལས་འདོད་རྒུ་མཐའ་དག་རྩོལ་མེད་དུ་རང་འབྱུང་བའམ། ནོར་བུ་ཆུ་ཤེལ་དྲི་མ་མེད་པ་