R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༨༡
[A:༨༡]བར་བཀོད། དེ་སྐབས་དབུས་གཙང་དུ་སྡོམ་པ་འབོགས་ལེན་དང་འཆད་ཉན་སོགས་ཀྱི་རྒྱུན་ལོ་བདུན་ཅུ་ཙམ་ཆད་པའི་རྗེས་དབུས་སུ་མདོ་སྨད་ནས་བསྟན་པ་ཅུང་ཟད་ཚུགས་པ་མངའ་བདག་ཚལ་ནས་སོགས་ཀྱིས་གསན་པས་ཅིས་ཀྱང་འབད་པས་བསྟན་པ་སྤེལ་བཞེད་དེ། ཀླུ་མེས་ཚུལ་ཤེས། འབྲིང་ཡེ་སྟོན། སྒ་ཚུལ་བློ། རག་ཚུལ་འབྱུང༌། སུམ་པ་ཡེ་བློ་ལྔར་མཐུན་རྐྱེན་དང་བཅས་པའི་བརྫང་བ། གཙང་གི་བཙད་པོ་རྣམས་ཀྱིས་ཀྱང་ཐོས་ནས་ལོ་སྟོན་ཚོང་བཙུན། མངའ་རིས་པ་གཉིས། བོ་དོང་པ་སྟེ་དབུས་གཙང་གི་མི་བཅུས་བླ་ཆེན་པོར་བསྙེན་པར་རྫོགས་པ་ལས་མཆེད་པ་ཀ་བཞི། གདུང་དྲུག་དང༌། ལོ་ཚོ། ཚོང་ཚོ་སོགས་མང་དུ་དར། འ་ཞྭ་ཡེ་གཡུང་གི་ཆབ་གཏོར་མ་དང༌། འབྲེའི་དེར་བསམ་གཉིས་ཀྱི་རྒྱུན་ཀྱང་གཙང་ཕྱོགས་སུ་མང་པོ་འཕེལ། ཀླུ་མེས་ཀྱི་སློབ་མ་གཟུས་ལ་བུ་ཆེན་བཞི་བྱུང་བའི། ཕྱི་མ་གསུམ་དང༌། རྒྱ་འདུལ་དབང་ཚུལ་གྱིས་རྒྱ་ཆེར་སྤེལ་བར་སྔ་ཕྱི་བར་ཚར་སོགས་ཤིན་ཏུ་མང༌། བསྟན་པ་ཕྱི་དར་ལ་ལོ་ཆེན་རིན་བཟང་སོགས་སྔ་རབས་པའི་འདུལ་འཛིན་སྡོམ་རྒྱུན་དེར་བརྟེན་པ་དང༌། ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས། འཕགས་ཡུལ་ཤར་ཕྱོགས་ཀྱི་པཎ་ཆེན་དྷརྨཱ་པཱ་ལའི་སློབ་མ་པཱ་ལ་རྣམ་གསུམ་ལས་ཀྱང་མང་དུ་འཕེལ་བ་སྟོད་འདུལ་བར་གྲགས། མ་ཕམ་པའི་རྣམ་སྤྲུལ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ནས་ཁ་ཆེའི་བསོད་སྙོམས་པ་པཎ་ཆེན་ཤཱཀྱ་ཤྲཱི་གངས་ཅན་བསོད་ནམས་གསོག་པའི་མགྲོན་དུ་སྤྱན་དྲངས་ཏེ་ཆུ་ཤུལ་སྲོག་མ་དགོན་པར་ཉིན་གཅིག་ལ་སྒྲུབ་གྲྭ་གསུམ་དང་མི་གཉིས་བསྙེན་པར་རྫོགས་པའི་ནང་ནས་གྲོ་ཤུལ་བ་ཁེད་གད་བྱང་ཆུབ་དཔལ་དང༌། གཙང་པ་