[A:༨༢]རྡོ་རྗེ་དཔལ་གཉིས་མཁན་བུའི་གཙོ་བོར་གྱུར་ཏེ་བོད་མུན་གླིང་དུ་འདུལ་བསྟན་ཉི་མ་ལྟར་ཤར་བས་ཁྱབ་ཅིང་ཁྱད་པར་ས་པཎྜི་ཏ་ཀུན་དགའ་རྒྱལ་མཚན། སྲིད་གསུམ་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཤེས་བྱ་ཀུན་མཁྱེན་བུ་སྟོན་ཞབས། རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ། ངོར་ཆེན་ཀུན་དགའ་བཟང་པོ་སོགས་སྐྱེས་ཆེན་དམ་པ་དེ་དག་གིས་འདུལ་བསྟན་གྱི་རྒྱལ་མཚན་ཕྱོགས་ཐམས་ཅད་དུ་འཛུགས་པར་མཛད་ལ། བླ་ཆེན་སྡོམ་རྒྱུན་བཀའ་གདམས་སོགས་ཕལ་མོ་ཆེས་ཕྱག་ལེན་ལ་འདེབས་པར་མཛད་པ་དག་མིན་གྱི། སྐུར་པ་བཏབ་ན་ཆོས་སྤོང་གི་སྒྲིབ་པར་མི་འགྱུར་རམ་སྙམ་སྤྲོས་པ་བསྐྱུངས་མོད། གཞན་དུ་ན་བླ་ཆེན་པོས་བསྙེན་རྫོགས་མཛད་དུས་ཁ་སྐོང་གི་རྒྱ་བན་གཉིས་སྤྲུལ་པ་ཡིན་མིན་ཐེ་ཚོམ་པའི་སྒྲོས་རྙིང་དང་ཆབ་པས་སོགས་ཀྱིས་ཀྱང་སྦགས་མ་སྦགས་མངོན་ཤེས་ཀྱིས་དཔྱོད་དཀའ་ཞིང༌། འདིར་ནི་དེ་རྣམས་ཀྱི་སྐྱོན་དྲིས་མ་སྤགས་ཤིང་མཆོག་ཏུ་གྱུར་པ་ཁ་ཆེའི་པཎྜི་ཏ་ཆེན་པོ་དེ་ཉིད་ལས་གངས་ཅན་མཁས་པའི་དབང་པོ་ས་སྐྱ་པཎྜི་ཏ་ཆེན་པོས་སྡོམ་རྒྱུན་བཞེས་པར་མཛད་དེ་སྤེལ་བའི་རྒྱུན་བར་སྐབས་སུ་ཅུང་ཟད་ཉག་ཕྲ་བར་གྱུར་པ་ན། ཐམས་ཅད་མཁྱེན་པ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་བསྟན་པའི་རྒྱུན་ལ་གཅིག་ཏུ་དགོངས་པའི་སྡོམ་རྒྱུན་བཞེས་འདུན་ཡོད་སྐབས། བྱང་བདག་ནམ་མཁའ་ཚེ་དབང་རྡོ་རྗེས། ལུ་ཕུའི་སྒྲུབ་ཆེན་མཁྱེན་ཡངས་ཤིག་ལ་སྡོམ་རྒྱུན་ལོང་གསུངས་པའི་ཞལ་ཏ་ཕེབ་ནས། དེ་བཞིན་ལེགས་མིན་ཕྱོགས་ལས་རྣམ་རྒྱལ་ལ་བཀའ་འདྲི་ཞུས་པས། རང་རེ་གཉིས་ཆར་བྱས་ཆོག་གསུངས་ནས། མཁན་པོ་ལུ་ཕུ་བ་སངས་རྒྱས་འོད་