[A:༨༠]བར་འགྱུར་རོ། །ཞེས་ཐུབ་གསུང་བརྒྱད་ཁྲི་བཞི་སྟོང་རྣམས་སྙིང་པོར་དྲིལ་ན་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ། དེའི་ནང་ནས་མངོན་པ་དང༌། མདོ་སྡེས་བསྟན་པའི་གོ་ཆོད་ཀྱང༌། སྟོན་པའི་གོ་མི་ཆོད་ཅིང༌། འདུལ་བ་གཉིས་ཀ་ཡིན་པའི་ཕྱིར། སློབ་དཔོན་ཆོས་ཀྱི་ཚོགས་དཔོན་གྱིས། རྒྱལ་བ་སྟོན་པ་དེ་ཡི་དམ་ཆོས་དག །མདོ་དང་ཆོས་མངོན་ཡིན་གསུང་འདུལ་བ་ནི། །སྟོན་དང་བསྟན་བཅོས་དངོས་ཡིན་དེ་ཡི་ཕྱིར། །གཉིས་འགྱུར་ཕྱག་བྱ་སངས་རྒྱས་ཁྱོད་ཀྱིས་བཞིན། །ཞེས་གསུངས་ལ། དེ་ལྟ་བུའི་ཁྱད་པར་འཕགས་པའི་སྡོམ་པ་དེའང་རྣམ་པར་མ་དཔྱད་པའི་སོམ་ཉིའི་རང་བཞིན་ཞིག་བཞེས་ཚེ་རྒྱུ་འབྲས་མི་འཆོལ་བར་ཆོས་ཉིད་བཅས་ན་འབྲས་བུའང་དེ་ལྟར་འབྱུང་བ་ལས་མ་འདས་པས་ངེས་ཤེས་འདྲོངས་བ་ཞིག་གལ་ཆེ་བ། བོད་ཡུལ་གླིང་དགུའི་རྒྱལ་ཁམས་འདིར་བསྟན་པ་སྔ་དར་ལ་ཟ་ཧོར་རྒྱལ་རིགས་མཁན་ཆེན་པོ་དྷི་ས་ཏྭས་སད་མི་མི་བདུན་སོགས་ལ་བསྟན་པའི་རྩ་བ་སོ་སོར་ཐར་པའི་སྡོམ་རྒྱུན་འཛུགས་པར་མཛད་པ། ལོག་སྨོན་ཉེ་བར་བདོ་སྟེ་གླང་དར་མ་འུ་དུམ་བཙན་གྱིས་བསྟན་པ་བསྣུབས་པའི་ཚེ་ཆུ་བོ་རིའི་སྒོམ་གྲྭའི་དམར་གཡོ་གཙང་གསུམ་གྱིས་གསན་པས་གསང་ཐབས་ཀྱིས་དྲེལ་རྒྱབ་ནོན་པའི་འདུལ་དཔེ་དང་བཅས་མངའ་རིས་ནས་བྱང་ལམ་བརྒྱུད་མདོ་སྨད་རྨ་ལུང་དན་ཏིག་ཡང་རྫོང་དུ་བོན་གྱི་བུ་ཤེས་རབ་ཅན་སྔོན་ལས་སད་དེ་རབ་ཏུ་བྱུང་བར་བསྐུལ་བར་འདུལ་འཛིན་གསུམ་གྱི་སྟེང་རྒྱའི་ཧྭ་ཤང་ཀེ་འབག་གཉིས་ཀྱིས་ཁ་སྐོང་པར་མཛད་ནས་བསྙེན་པར་རྫོགས་པའི་མཚན་དགོངས་པར་རབ་གསལ་དུ་བཏགས་པས། སྤ་སར་གཉིས། ཇ་ཅོག་གཉིས། བཞད་སྲགས་གཉིས། འལ་སྣུབ་གཉིས། ཟོང་ཚུར་གཉིས་སོགས་མང་དག་སྡོམ་