[A:༨༨]ནུབ་གཅིག་བུད་མེད་ཅིག་གིས་ལབས་ཀྱང༌། མི་གོ་བ་འདུག་ཅེས་དཔེ་ཤོག་ཅིག་གཏད་པར་བལྟས་པས་རྨི་ལམ་གྱི་ཚིག་ཁ་ཡར་འདུག་པས་རྐྱེན་བྱས་རྨི་ལམ་ཟིན་པ་འདྲ་ཞིག་བྱུང་ཞེས་རྗེས་སོར་ཆོས་སྡེར་རྗེ་ངག་ལ་གསུངས་འདུག །འདིས་མཚོན་སྔ་ཕྱི་རྒྱུད་སྡེ་གོང་འོག་གི་ལྗགས་བསྙེན་གྱི་རིགས་ཤིན་ཏུ་མང་བར་མཛད་པ་ཡིན་ལ། འདི་དག་ལ་བརྟེན་ནས་རྟགས་མཚན་ངོ་མཚར་ཅན་མང་དུ་བྱུང་བར་གདོན་མི་ཟའང༌། རྗེས་འཇུག་རྣམས་རྟག་པར་འཛིན་པའི་འཆིང་རྒྱར་ཚུད་པ་དང༌། ལྷག་པར་རྗེ་ཉིད་ཀྱང་ཡོན་ཏན་སྤེད་པ་ལ་གཙོ་བོར་མཛད་པས་བསྙེལ་ཐོ་ཟིན་བྲིས་འདྲའང་མི་སྣང་གཤིས་རྒྱ་ཆེར་འབྲི་བར་མ་ནུས་ཤིང༌། སྒྲ་འཛིན་གྱི་བུ་གར་ཅུང་ཟད་ལྷུང་བ་རྣམས་འོག་ཏུ་འབྲི་བར་འགྱུར་བ་ལགས། དེའི་ཕྱི་ལོ་རྨོར་ཆེན་རྡོ་རྗེ་འཆང་ནས་ཟན་ཡངས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་རྡོ་རྗེ་ཕྲེང་བ་གནང་སྐབས་སུ་དཔོན་སློབ་བཅུ་སྐོར་དང་བཅས་ཏེ་རྗེ་བླ་མའི་ཞལ་དཀྱིལ་མཇལ་བ་དང་ཞབས་ཀྱི་པདྨོ་བརྟན་པར་བཞུགས་སུ་གསོལ་བའི་རྟེན་འབྲེལ་བསྒྲིགས་པར་མཛད་དེ། སྣ་ཚོགས་དབྱིག་ཅེས་པ་ཤིང་སྦྲུལ་ལོར་གཙང་དུ་ཆིབས་ཁ་བསྐྱོད། གནས་གསར་བརྒྱུད་དེ་མཁས་པའི་འདུན་ས་དཔལ་ཞྭ་ལུ་གསེར་ཁང་ཁྲ་མོར་ཕྱགས་ཕེབ། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ཀུན་མཁྱེན་བུ་སྟོན་རིན་ཆེན་གྲུབ་ཀྱི་རིང་ལུགས་ལ་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོ་ཀུན་སྤངས་པ་བླ་ཆེན་ཐུགས་རྗེ་བརྩོན་འགྲུས་ཀྱི་དྲུང་ནས། དཔལ་དུས་ཀྱི་འཁོར་ལོའི་རྡུལ་ཚོན་གྱི་སྟེང་ནས་བྱིས་པ་འཇུག་པའི་དབང་བདུན། གོང་མ། གོང་ཆེན། རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་དང་བཅས་པ་ཡོངས་སུ་རྫོགས་པ། གདུགས་དཀར་མོ་ཅན་