R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༨༧
[A:༨༧]ཚང་གི་སློབ་དཔོན་ཕུན་ཚོགས་ལེགས་ལྡན་གྱིས་ཁ་སྐོང་སོགས་མཛད་དེ་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ། ཚིགས་གསུམ་རིམ་གྱིས་ནོས་ཏེ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་མངོན་དུ་མཛད། བརྗེ་བ་གཉིས་བརྗེས་པའི་མཚན་བརྗེ་བའི་སྐབས། སྔར་གྱི་མཚན་གྱི་སྟེང་དུ་ངག་དབང་དང་ཐེག་མཆོག་དབང་གི་རྒྱལ་པོ་ཞེས་མཚན་གསོལ་བར་མཛད་དེ། རྒྱལ་བསྟན་རིན་པོ་ཆེའི་སྒོར་ཞུགས་ལ་ཡོངས་སུ་རྫོགས་པས་ངུར་སྨིན་འཛིན་པ་ཀུན་གྱི་གཙུག་གི་རྒྱན་བླ་ན་མེད་པར་གྱུར་ཏོ། །དུས་དེ་ཉིད་ནས་བཟུང་སྟེ། ལྟུང་བ་སྡེ་ལྔ་གཉེན་པོའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་ཆར་གཏོགས་དང་བཅས་པ་ལ་སྤྱན་གྱི་འབྲས་བུ་ལྟར་གཅེས་སྤྲས་སུ་མཛད་དེ་ཉེས་པའི་དྲི་མ་ཕྲ་མོས་ཀྱང་མ་གོས་པ་ལགས་སོ། །དེ་ནས་རང་གི་བསྟི་གནས་བཀྲ་ཤིས་དང་དགེ་བའི་མཚན་མ་དུ་མས་ཕྱུག་པ་གང་དེར་ཞབས་ཟུང་བཀོད་དེ། གསོལ་འདེབས་ཞལ་གསུང་མ་ལས། རིམ་གཉིས་བསྒོམ་པའི་བསྙེན་སྒྲུབ་བཟླས་བརྗོད་སོགས། །དད་མོས་སྤྲོ་བས་ཉིན་མཚན་དབྱེར་མེད་པར། །རྟག་པར་གཞན་གྱི་དོན་ལ་རབ་བརྩོན་པ། །རྒྱ་ཆེན་སེམས་བསྐྱེད་འགྲོ་བའི་མགོན་ལ་འདུད། །ཅེས་གསུངས་པ་ལྟར། དཔལ་ཀྱེ་རྡོ་རྗེའི་གཞིའི་ལྗགས་བསྙེན་ཁ་སྐོང་གི་སྦྱིན་སྲེག་དང་བཅས་པ་གནང་སྐབས་མཁའ་འགྲོས་བརྡ་ཐབས་དང་ཡི་གེ་སོགས་ཀྱིས་རྨི་ལམ་བཟུང་བའི་གྲོགས་ཡང་ཡང་བྱས་གསུང༌། ཇི་ལྟར་ལགས་ཞུས་པས། ནུབ་ཅིག་ཆོས་སྡེའི་རྡོ་གཅལ་དུ་ཨ་མ་སྐད་ལྷང་ལྷང་འདུག་པར་ཉན་པས་རྨི་ལམ་རྨི་ལམ་ཟེར་ཡང་བསམ་མནོ་གཏོང་དགོས་ཤིག་ཡོད་སྙམ་མམ། མེད་ལོ་གེར་སྣང་བ་ལས་ངོས་ཟིན་པ་ནི་མ་བྱུང༌། ཡང་