R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༩༠
[A:༩༠]མངའ་བས། སྒྲོ་མོ་ལུང་དུ་ཕེབ་གོང་ཞག་ཁ་ཤས་ནས། མ་ཆེན་དཔལ་གྲུབ་ལ། རྗེའི་གསུང་ལས། དེང་སང་འོ་ཅག་གི་རྩར་མགོན་པོ་བསོད་ནམས་མཆོག་ལྡན་ཕེབ་ཀྱིན་ཡོད་འདུག་པས་གཟིམས་གདན་དམར་པོ་གསར་པ་ཞིག་བཅོས་གསུངས་པས། དེ་བཞིན་བཅོས། ཕེབ་རྒྱུའི་སྔ་དྲོར་དེ་རིང་གསོལ་ཇ་བཟང་བ་ཞིག་སྦྱོར་ལ་ཇ་ཐང་ཟུར་དུ་ཞོག་ཅིག་གསུངས་པས། མ་ཆེན་གྱིས་ཅི་མཛད་ཞུས་པ་ན། ཁ་སང་ནས་འཕྲོས་བྱུང་བའི་མགྲོན་ཆེན་དེ་དེ་རིང་འབྱོན་པར་ཡོད་གསུངས་ནས། གཟིམས་ཁང་གི་ཕྱི་ནང་ཀུན་ལ་ཕྱགས་དར་མཛད། ཞབས་ཕྱི་རྣམས་ཀྱིས་སུ་ཕེབ་འོང་ངམ་སྙམ་ཡུན་རིང་བསྒུགས་ཀྱང༌། སུའང་མ་བྱུང༌། ཉི་མ་དགོང་ཁྱོག་ཙམ་ལ་ལུང་པའི་ཕུ་ནས་བཙུན་པ་བོང་ཁལ་དེད་པ་ཁ་ཤས་བྱུང་བས་མགྲོན་འོང་གསུངས་པ་དེ་ཡ་གི་ལགས་སམ་ཞུས་པས། དེ་ཀ་ཡིན། ཕེབ་བསུ་གྱིས་གསུངས་པ་བཞིན། ཞབས་ཕྱི་རྣམས་ཀྱིས་ཕེབ་བསུ་དང་བཅས། དཔོན་སློབ་ཀྱི་གཟིམས་ཆུང་མིན་པའི་ནང་ཟུར་པ་ཞིག་ཏུ་ཡིད་ཙམ་བཞུགས་ནས། མཇལ་ཕྱག་དང་ཆོས་འབྲེལ་དགོས་ཚུལ་མ་ཆེན་དཔལ་གྲུབ་ལ་གསུངས་པས། མ་ཆེན་ནས་གོང་གི་ལོ་རྒྱུས་དེ་ཞུས། དུམ་ཙམ་ཞིག་ནས་དཔོན་སློབ་རང་གིས་ཕྲག་པར་ཁ་བཏགས་ཤིག་འགེལ་བར་མཛད། ཕྱག་ན་སྦ་མཁར་ཞིག་བསྣམས་ནས་གནས་གསར་རྗེ་དང་མཇལ་འཛོམས་ལ་ཕེབ་སྐབས་ཐུགས་ཉམས་འུར་པ་ལྟ་བུའི་གསུང་ལས། ཤིང་གླང་མའི་སྟེང་དུ་བྱ་ཁྱུང་ཆེན་བབས། །ཁྱེད་གནས་གསར་གྱི་དབོན་པོ་ཁམས་ཆེན་དེ། །ངེད་སྒོམ་ཆེན་གྱི་གན་དུ་ཕེབ་པ་ངོ་མཚར་ཆེ། །ཞེས་སོགས་ཐུགས་ཤིན་ཏུ་སྤྲོ་བའི་གསུང་གླེང་དུུ་མ་ཙམ་