R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༩༢
[A:༩༢]ལྕགས་ཕུར་ཐུར་དུ་གནོན་པའི་ཕྱག་རྒྱ་མཛད་དུ་བཅུག་ནས། དར་ཅིག་དེ་སྐད་ལ་བཞུགས་ཤིག །ཁྱེད་མགོན་པོ་བསོད་ནམས་མཆོག་ལྡན་གྱི་རྣམ་སྤྲུལ་ཡིན་པས་སྒོམ་ཆེན་གྱི་རྟེན་འབྲེལ་ཞིག་བསྒྲིགས་པ་ཡིན་ནོ་གསུངས། བརྡ་དོན་འདི་ལ་གནས་གསར་རྗེ་རང་ཅིའང་མི་གསུང་ཡང༌། ཁོ་བོའི་བསམ་ཚོད་ལ་ནི་བསྲུང་བ་ཐུན་མོང་བའི་སྐུ་ཞལ་ནང་བསྟན་དུ་ཡོད་པ་དེ་གསུང་ངག་ཚོགས་སློབ་གཉིས་ཀའི་བདག་པོ་མཛད་པའི་བརྡ་དང༌། དེའི་ཕྱི་མེ་ལོང་གཡའ་ཡོངས་སུ་དག་པར་ཡོད་པ་དེ་རིག་གནས་སོགས་ཤེས་བྱ་ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་མཁྱེན་པའི་བརྡ་དང༌། དེ་མགུལ་དུ་བཏགས་པ་དེ་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པར་བསྐོར་བའི་བརྡ་དང༌། ཕྱག་གཡས་ལྕགས་ཀྱི་རྡོ་རྗེ་འཕྱར་བ་དེ་རྡོ་རྗེ་ཐེག་པའི་བསྟན་པའི་སྲོག་ཤིང་སྲ་བརྟན་མཛད་ཅིང༌། ཐབས་ཀྱི་ཕྱོགས་སུ་ལྷུང་བའི་བདུད་ཀྱི་བར་ཆད་ཐམས་ཅད་ལ་ཐུགས་བག་མི་ཚ་བའི་བརྡ་དང༌། གཡོན་ལྕགས་ཕུར་ཐུར་དུ་མནན་པ་དེ་རྡོ་རྗེ་ཕུར་པའི་ཆོས་སྐོར་གྱིས་མཚོན་གསང་ཆེན་རྙིང་མའི་རིང་ལུགས་ཀྱི་སྒོ་ནས་སྙིགས་དུས་ཀྱི་ཕུང་འགོང་ཐམས་ཅད་གནོན་པ་དང༌། ཁྱད་པར་ངེད་རང་ནས་རྗེ་བཙུན་ས་སྐྱ་པའི་ཟབ་ཆོས་ཕུར་པའི་སྨད་ལས་དྲག་པོ་སྒྲོལ་དབང་གི་ཐོག་མ་དེ་གནས་གསར་རྡོ་རྗེ་འཆང་ལ་འབུལ་ཐུབ་པའི་རྟེན་འབྲེལ་ཡིན་ནམ་སྙམ་ཞིང༌། རྡོ་རྗེ་དང་ཕུར་པ་དེ་རྟ་མགྲིན་ལྕགས་རལ་གྱི་དབང་རྫས་མཛད་སྐབས་ལོ་རྒྱུས་འདི་རྣམས་གསུང་བྱུང༌། སྒྲོ་ལུང་དུ་བཞུགས་སྐབས་ཕར་ཡང་དགོངས་བཞེད་བཞིན་ཛ་བྷིར་རླུང་སྦྱོར་དང༌། མངར་རིས་རིག་འཛིན་ཆེན་པོ་ནས་བརྒྱུད་པའི་ཚེ་སྒྲུབ་ཀྱི་གདམས་པ་འབུལ་བར་མཛད་ཅིང༌། གྲུབ་དབང་དེ་ཉིད་ཀྱིས་བསྐུལ་མ་མཛད་པ་བཞིན། དེ་གཉིས་ཀྱི་ཉམས་ལེན་གྱི་ཡི་གེ་གསར་རྩོམ་ཀྱང་མཛད་དེ། ཕྱག་ན་གང་ཡོད་ཀྱི་དངོས་པོ་ཐམས་ཅད་ཕོངས་མེད་དུ་འབུལ་བར་མཛད། གྲུབ་