R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༩༣
[A:༩༣]དབང་དེ་ཉིད་ཀྱིའང་མགུལ་ཁུག་ནས་གསེར་གྱི་ཊཾ་ག་གཅིག་སྩལ་ཏེ། འདི་ང་ལ་ས་སྐྱ་བདག་ཆེན་གྱིས་གནང་བ་ཡིན། ཁྱེད་སྐུ་ན་གཞོན་པས་གསན་སྦྱོང་མཐར་ཕྱིན་མཛད་ནས་བསྟན་འགྲོར་ཕན་པ་མཛད་དགོས་ཞེས་སོགས་ཞལ་ཏ་ནན་ཏན་གནང་བས་བླ་མ་ཡབ་སྲས་འབྲལ་མི་ཕོད་པ་ལྟར་གྱུར། ཐུགས་འཕྲེང་བཞིན་དུ་འདར་གཞུང་ནས་རིམ་གྱིས་བརྒྱུད་དེ་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་གདན་ས་འདར་གྲང་མོ་ཆེ་གསང་སྔགས་རྡོ་རྗེའི་ཕོ་བྲང་གི་ཤར་ཙམ་དུ་ཕེབ་པ་དང་དེར་ཡོད་དཔོན་སློབ་རྣམས་ཀྱིས་གནས་གསར་དབོན་རིན་པོ་ཆེ་ཡིན་པར་ངོ་ཤེས་ཏེ་མཁན་སློབ་གྲྭ་ཚང་བཅས་ནས་བླ་བྲང་དུ་གདན་འདྲེན་གཞིས་ལེན་དང༌། སྤྱི་ཁང་གྲྭ་རིགས་རྣམས་ཀྱིས་མཇལ་ཕྱག་སོགས་ཞུས་ཏེ། ཚར་ཆེན་རིན་པོ་ཆེའི་དུས་ཆེན་བླ་མཆོད་ཆེན་མོ་ལ། མཆོད་འབུལ་མང་ཇ་རྒྱས་པར་སྩལ། འདུ་ཁང་གསེང་གཡབ་སྟེང་བཞུགས་ཁྲིར་གདན་འདྲེན་ཞུས་ཏེ་ཚོགས་གཟིགས་མཛད་སྐབས། གསུང་ལས། ཚར་ཆེན་ཆོས་ཀྱི་རྒྱལ་པོའི་གདན་ས་འདི་མཐོང་ཐོས་དྲན་པ་ཙམ་གྱིས་བླ་མ་གོང་མ་རྣམས་ནས་དགོན་གནས་འདི་ལྟ་བུར་བསྟན་འགྲོ་སྤྱི་བྱེ་བྲག་ལ་ཕན་བདེ་རྒྱ་ཆེར་སྤེལ་འདུག་པས་ངེད་རང་ཀྱང་སྐལ་པ་བཟང་པོ་བྱུང་གསུངས་ནས་ཤིན་ཏུ་དགྱེས། ཞག་ཤས་བཞུགས་པར་གནས་གཟིགས་མཆོད་འབུལ་སོགས་མཛད་ཅིང༌། བྲག་རྩ་རྡོ་རྗེ་འཆང་གི་གཟིམས་སྤྱིལ་དུ་གདན་འདྲེན། བསྙེན་བཀུར། ཚེ་དབང་སོགས་བཀའ་དྲིན་བསྐྱངས། དེ་ནས་རྨུ་གཤོངས། མུ་གུ་ལུང༌། ཐུབ་བསྟན་དགེ་འཕེལ། ཆ་ལུང་རྡོ་རྗེའི་བྲག་སོགས་ལ་གནས་གཟིགས་མཆོད་འབུལ་མཛད་པའི་ཕེབ་ལམ་དུ་བྲག་རྩ་