R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༩༤
[A:༩༤]ནང་པས་གདན་འདྲེན། འབུལ་བ། ཞབས་ཏོག་རྒྱས་པ་དང་བཅས་བྲག་རྩ་རྡོ་རྗེ་འཆང་གི་ཡབ་དེ་ཉིད་ཀྱི་ཞབས་དྲུང་གནས་གསར་བ་ལ་ཕྲིན་ལས་འགྲོ་དོན་ཐོགས་པ་མེད་ཅིང༌། སྐུ་ཚེ་ཐོགས་པ་ཡོད་པས་ཞབས་པད་བརྟན་ཆེད་ཚེ་སྒྲུབ་ཟབ་མོའི་རིམ་པ་ལ་ཐུགས་ནན་གནང་དགོས་ཞུ་ཞིང༌། སྤྱན་ཆབ་མང་པོ་བསིལ་བས་རྐྱེན་བྱས། རྗེ་འདི་ཉིད་ཀྱིས་ཀྱང་སྤྱན་ཆབ་མང་དུ་མཛད་པས་སྐུ་རླུང་བཞེས་པ་སོགས་མཆོད་ཡོན་འབྲལ་མི་ཕོད་པ་ལྟ་བུའི་ཐུགས་སྣང་ཤིན་ཏུ་དག་པ་བྱུང༌། རྨུ་གཤོངས་ལ་ཕེབ་ལམ་དུ་འདར་སྐྱེད་གཤོངས་པས་གདན་འདྲེན་ཞུས་ཏེ་འབུལ་བ་ཞབས་ཏོག་དང༌། ཁོང་ཚོའི་གཞིས་སྟེང་ཤོད་ཚང་མར་ཕྱག་ནས་མཛད་དེ་རྨུུ་གཤོངས་བླ་བྲང་དུ་བཞུགས་ཞག་གི་གསུང་བསྐང༌། ཕྲིན་འཆོལ། འདར་གྲོང་མཆོད་གཞིས་མཇལ་ཞུ་བ་རྣམས་ལ་ཕྱག་དབང་བཅས་མཛད། དེ་སྐབས་རྨུའི་གནས་བརྟན་པ་དེར། བཀའ་ལས། མི་ཁྱོད་ནི་ཀུན་གཞི་ཤིན་ཏུ་འཇམ། སྲུང་མ་འདི་ནི་ཁྱོད་ལ་ཤིན་ཏུ་ཁྲོས་པ་ཞིག་འདུག་ཕེབ་པ་ནས་མ་འགྱངས་པར་ཁོ་བར་རྐྱེན་ངན་བཏུད་མར་བྱུང་བ་དེ་སྒྲིབ་བྲལ་ཡེ་ཤེས་སྤྱན་གྱིས་གཟིགས་པར་སྣང༌། སང་ཉིན་མུ་གུ་ལུང་དང༌། དགེ་འཕེལ་བཅས་ལ་གནས་གཟིགས། མཆོད་འབུལ། གསུང་བསྐང༌། མང་ཇ་སོགས་མཛད་དེ། དགེ་འཕེལ་དུ་བཞུགས། སང་སྔ་བར་ཀོམ་འདྲེ་བརྒྱུད་དེ་སྒྲོ་མོ་ལུང་དུ་བཞུགས་ཞག་དང༌། དེ་གོང་ས་སྐྱར་ཕེབ་སྐབས་ཡུམ་མཆོག་བཅོ་བརྒྱད་མ་སྐུ་དྲིན་ཅན་དེས་སླར་རྟེན་འབྲེལ་གྱི་ཁྱད་ས་སྐྱ་ནས་དབུས་ལ་ཕེབ་པ་གནང་དགོས་ཚུལ་གསུངས་པ་བཞིན། སླར་ཡང་འདི་ཕྱོགས་སུ་ཆིབས་ཁ་བསྒྱུར་ཏེ་ལྷུན་གྲུབ་ཕོ་བྲང་དུ་