[A:༩༥]བཞུགས། འདི་ཁའི་སྡེ། བསྟན་པ། གདུང་བརྒྱུད་དང་བཅས་པའི་རྐྱེན་སེལ་དུ་གདུགས་དཀར་མདོས་ཆེན་གྱི་སློབ་དཔོན་རྗེ་འདི་ཉིད་ཀྱིས་ཐུགས་འགན་བཞེས་ཤིང༌། ཕྱིར་འཕེན་པའི་ཞབས་ཕྱི་བདེ་ཆེན་གླིང་བན་ཚང་བསྙེན་སོང་རགས་བསྡུས་ཀྱིས་ཞུས་ནས་ཆོ་ག །ཕྱག་ལེན། ཟོར་འཆམས་སོགས་གཞན་ལས་ཕུལ་དུ་ཕྱིན་པ་བཀའ་དྲིན་བསྐྱངས་པས། ཡབ་རྗེ་རྡོ་རྗེ་འཆང་ཆེན་པོ་དགྱེས་པའི་རྩེར་སོན་ཞིང༌། གོང་དཀར་མཁས་གྲུབ་དམ་པ་བློ་གྲོས་དབང་ཕྱུག་ཉིད་བཙུན་མོ་སྤེལ་གྱི་རབ་གསལ་འོག་མ་ན་བཞུགས་སྐབས་ཡིན་པས། ཟོར་འཕེན་པའི་སང་དེར་ཞལ་འཛོམ་སྐབས། གསུང་ལས། ཁ་སེང་གི་མདོས་དེ་སྒྲ་གཅན་གྱི་གདོང་རང་ལ་ཁེལ་བས་ཡ་འུད་ཤིན་ཏུ་ཆེ་བསམ། ཁོ་བོས་འདི་ནས་བསྲུང་དམིགས་ནན་ཏན་བགྱིས་ཡོད་ཅེས་སོགས་ཐུགས་ལ་བཅར་བའི་གསུང་སྒྲོས་དང༌། དེ་སྐབས་ས་སྐྱར་སྔ་ཕྱིར་བཞུགས་རིང་མགོན་པོའི་དབང་ཆེན་ལྔ་སོགས་གསུང་ཆོས་ཀྱང་ཅི་རིགས་གསན། ཡབ་རྗེ་རྡོ་རྗེ་འཆང་གི་བཀས་བསྐུལ་ཏེ། དཔལ་ས་སྐྱའི་མགོན་ཁང་དུ་མར་སྐུ་ཁྲུས་དང༌། གསུང་བསྐང༌། འཕྲིན་འཆོལ་གནང་ཚེ། གཞི་ཐོག་མཁས་བཙུན་ཆེན་པོའི་ཐུགས་དམ་མགོན་ཁང་ཚོམ་བར་དུ་གསུང་བསྐང་མཛད་སྐབས་ཐུགས་སྣང་དུ་མགོན་ཁང་དེ་ལ་རྒྱ་མཐོངས་ཟང་ཐལ་ཕུག་སྟེ་མཐིལ་ཞལ་གྱི་དབུས་ལྕགས་སྐྱེད་ཟངས་ཆེན་བཅས་བཙུགས་ནང་ཤ་བཙོས་པའི་རླངས་པ་སྐྱ་བུན་བུན་འགྲོ་བ་ཞིག་བྱུང་གསུངས། དབུས་ལ་ཕེབ་ཁར་ཡབ་རྗེ་རྡོ་རྗེ་འཆང་གི་ཡུམ་སྐུ་དྲིན་ཅན་བསྟན་འཛིན་བསོད་ནམས་བཟང་མོས་ན་བཟའ་དགུན་ཆས་སོགས་འབུལ་བ་དང་ཆབ་ཅིག་གང་ཅིའི་