[A:༩༦]གནས་ཚུལ་ཞུ་བར་མཛད་ཡོད་འགྲོའང༌། རྒྱུས་ཡོད་མ་མཆིས་ཤིང༌། གང་ལྟར་ཡུམ་དེ་ཉིད་ཀྱི་གསུང་དང་མཛད་པ་འདི་ལ་དཔག་ན་ཁོ་བོ་མཆེད་རྗེ་འདི་ཉིད་ལ་བཅོལ་དམ་མཛད་པ་འདྲ་མོ་བྱུང༌། དེ་ནས་རིམ་གྱིས་དབུས་ལ་ཆིབས་ཁ་བསྒྱུར། གར་གཞུང་དུ་ཚ་ཕོག་གནང་སྐབས་ཨ་ཙ་ར་དར་མ་གཟི་བརྗིད་ཅན་རྐེད་བར་དགང་གཟར་བླུགས་གཟར་ཕྱག་ཚད་ཅན་གཟེར་བ་ཞིག་དང་གསུང་སྒྲོས་ཡུན་རིང་དུ་མཛད་དེ་བག་ཕེབ་པ་ལྟར་བཞུགས་པས། དེས་ཁོ་རང་གི་ཉེར་སྤྱད་གང་ཡོད་གཟིགས་ཕུལ། དེ་གྲས་ལ་ཕྲེང་བ་རཀྵ་ཕྲེང་ལུང་དམར་པོས་བྱས་པ་ཕྲེང་རྡོག་རེ་རེའི་མཚམས་སུ་རྡོ་རྗེའི་མདུད་པ་བཏབ་པ་ཞིག་འདུག་པས་དེ་དུས་ཅིའང་ཐུགས་སྣང་མ་བྱུང༌། རྗེས་སུ་དགོངས་པས་བགྲང་ཕྲེང་གི་རྣམ་བཤད་རྣམས་ནས་དེའི་བཤད་པ་ངེས་སྦྱར་བྱུང་བས་རྒྱུད་དང༌། གྲུབ་ཆེན་གྱི་གཞུང་བཟང་འཛིན་པ་ཞིག་ཡིན་འདྲ་དགོངས་པ་འདིའང་ལྐོག་གྱུར་གྱི་གནས་ཤིག་ཡིན་འདྲ། ཟིལ་གནོན་ཞེས་པ་མེ་རྟའི་ལོ་ནང་བཀྲ་ཤིས་ཆོས་སྡེའི་འདུ་ཁང་དུ་ཚོགས་པ་སུམ་བརྒྱ་བརྒལ་བ་ལ་རྡོ་རྗེ་ཕྲེང་བའི་དབང་གནང་སྐབས་ཕྱག་དཔེ་ཀློག་ཙམ་རེ་དང༌། བཤར་སྦྱང་ཁྱུག་ཙམ་རེ་གནང༌། ཕྱག་དཔེ་འགྲོ་མིན་གྱི་སྐབས་འཇམ་དཔལ་ལ་གསོལ་འདེབས་ནན་ཏན་གནང་བས་གསུང་བཤད་ཐོགས་མེད་འོང་ཞེས་གསུངས། སྡེ་སྲིད་དྭ་ཆིང་བ་དུར་སྐབས་བསྟན་སྲིད་ཇུས་རིམ་དུ་དུས་འཁོར་གྱི་སྒྲུབ་པ་འཛུགས་དགོས་ལ་གྲྭ་ཚང་ནས་དབང་ཞུས་པས་ཞལ་བཞེས་མ་གནང༌། གྲྭ་པ་རྣམས་ཀྱིས་དབུ་ཚུགས་ཁོ་ནས་ཆོས་སྡེའི་ལམ་འབྲས་ལྷ་ཁང་དུ་དུས་འཁོར་གྱི་ཐིག་བཏབ་སྟེ་སྟ་གོན་གྱི་བཅའ་བསྒྲིགས་ནས། སང་དབང་གནང་ཞིག་ཞུས་པས། དེའི་མཚན་མོ་མཚམས་སྦྱོར་ཐུགས་རྟོག་མཛད་ནས་དབང་ཆེན་ཐོགས་མེད་དུ་སྩལ་བས་