R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༩༧
[A:༩༧]དུས་འཁོར་ལ་ཤིན་ཏུ་བྱང་ཆུབ་པའི་གྲྭ་རྒན་རྣམས་ཁ་སྐྱེངས་པར་གྱུར། དེའི་སྟོན་རྨོར་ཆེན་རྡོ་རྗེ་འཆང་མཇལ་བར་ཕེབ། བཀའ་ཆོས་ཅི་རིགས་སྩལ་ཞིང༌། རྡོ་རྗེ་ཕྲེང་བ་གནང་བ་ལ་ལེགས་སོར་བླ་གོས་ཆ་རོག་སོགས་སྩལ། ལོ་འདིའི་མཇུག་དང་ལུག་ལོའི་མགོར་བླ་བྲང་རྩེར་ལྗགས་བསྙེན་ཅི་རིགས་མང་བར་གནང༌། དབྱར་སྨོན་དགའ་རིན་ཆེན་བསམ་གཏན་གླིང་དུ་རྨོར་ཆེན་ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཞབས་ཐང་ལ་ཕེབ་སྐབས་ཞབས་ཅུང་ཟད་ངལ་ཉམས་ཤར་བ་ན། ལམ་བར་དུ་ཛོ་ཀི་ཞིག་དང་མཇལ་བས་དེ་ལ་ཞབས་ངལ་ཉམས་ཀྱི་བརྡ་མཛད་པ་ན། དེས་ཞབས་ངར་གྱི་ནང་ནས་བསྙུན་གཞི་ཟ་བའི་ཚུལ་གྱི་རྣམ་འགྱུར་བསྟན་དེ་གང་ཡིན་གསུང་པའི་བརྡ་མཛད་པ་ན། དེས་གཤོགས་པ་ཡོད་པའི་ཉམས་བསྟན་པས་ཐུགས་ལ་ཁྱུང་གི་ལས་ཚོགས་རྐང་ནད་ལ་ཕན་པ་ཞིག་ཡིན་འདྲ་སྙམ་པ་འཁྲུངས་ཤིང༌། ཞབས་འགྲོས་ལའང་འཕྲལ་དུ་བདེ་ཉམས་བྱུང་བ་འདི་ནི་སྔོན་མཁན་ཆེན་གཞོན་ནུ་བློ་གྲོས་ཞབས་ཅུང་ཟད་འདྲེད་པར་རྡོ་ཟུར་གྱིས་སྨས་ནས་ཡུན་རིང་བསྙུན་ཚུལ་བཞེས་པའི་ཚེ། ཐུགས་སྣང་ལ་ཛོ་ཀི་རས་ཐོད་ཅན་བྱུང་བར་ཟས་སྐོམ་གནང༌། རྨ་བསྟན་ནས་ཕན་ཐབས་ཀྱིས་ཤིག་པའི་བརྡ་མཛད་པས་སྐྲ་གསེབ་ནས་སྨན་བཏོན་ནས་བྱུག་པ། དར་གྱིས་དཀྲིས། ཛོ་ཀི་གར་སོང་ཆ་མེད་དུ་གྱུར་པ་དང༌། དཀྲིས་མ་བཀྲོལ་ནས་གཟིགས་པར་རྨེན་པ་ཙམ་ཡང་མི་སྣང་ཞེས་གསུངས་པ་དང་འདྲ་བར་མཆིས། དེར་ཟླ་བ་དྲུག་ཙམ་བཞུགས་ཏེ། གསུང་ངག་ལམ་འབྲས་སྐོར་གྱི་ཆོས་བཀའ་ཐུན་མོང་མ་ཡིན་པ་སོགས་དབང་ལུང་ཤིན་ཏུ་མང་བར་གསན། འདི་སྐབས་ཙམ་ལ་ཡིན་ནམ། མདོ་སྨད་སྡེ་བཞི་དགེ་བཅུ་འཛོམ་པའི་ཡུལ་