[A:༩༨]གྲུའི་ས་དབང་ཆོས་རྒྱལ་ཆེན་པོ་ནས་རྗེ་འདི་ཉིད་བསྟན་འགྲོའི་དོན་ལ་ཡུལ་ཕྱོགས་དེར་ཕེབ་དགོས་པའི་ཕོ་ཉ་མངགས་པ་བཞིན་འབྱོར། དེ་དང་དུས་མཚུངས་ཙམ་ལ། འདར་གྲོང་ཆེན་མཁན་པོ་གཞིས་རྩེ་བས་མཁན་ས་འཇོག་པར་མཛད་ནས་གྲོང་ཆེན་པ་རྣམས་མཁན་གསར་འོས་ཐོའི་སྐབས་གྲ་དམངས་ཀྱིས་གླེང་རིགས་ལ་བྲག་རྩ་རྡོ་རྗེ་འཆང་རང་མཁན་པོའི་འོས་ཡིན་ཀྱང༌། ད་ལྟ་སློབ་དཔོན་གྱི་སྐབས་དགོན་པ་ལ་ཕན་པ་འདི་བཞིན་མཁན་ས་མཛད་ན་མ་བྱུང་དོགས་རེ་ཞིག་མཁན་འོས་གཞན་ཞིག་ཞུས། སླར་སློབ་དཔོན་རིན་པོ་ཆེ་འདི་ཉིད་ཀྱི་སྐུ་དྲིན་བསབ་ཆེད་མཁན་སར་གདན་འདྲེན་ཐུབ་པ་ཞིག་ཚང་མས་བྱེད་ཟེར་བའི་གྲོས་མཐུན་པས། རེ་ཞིག་གི་མཁན་འོས་ལ་རྗེ་འདི་ཉིད་དང༌། ཐུབ་བསྟན་རྣམ་རྒྱལ་གྱི་མཁན་ཆེན་ཚུལ་ཁྲིམས་བཟང་པོ་གཉིས་བྱུང་བ་བཞིན། གྲྭ་ཚང་ནས་རྟ་ནག་ཏུ་བང་མི་ཞུ་ཤོག་དང་བཅས་གནས་ཚུལ་ཞུས་པའི་ལན་དུ། ཐུབ་བསྟན་འདི་གྲྭ་ས་འགངས་ཆེ་བས་ངོས་ནས་གྲོང་མོ་ཆེར་ཕན་ཐོགས་པ་ཞིག་མི་འོང་གསུང་བར། བང་མི་སྤྲོ་ཐུང་དེ་ཚིག་པ་ཟོས་ནས་ལོག་འགྲོ་བའི་ལམ་དུ། བླ་མ་གྲོག་མ་གཟིགས་ཡིན་འདུག །དགོན་པ་ལ་བླ་མ་མི་འབྱོར་བ་རང་མི་འོང་ངམ་ཟེར་ཞིང་སོང་བར། ཤུལ་དུ་ཐུབ་བསྟན་མཁན་ཆེན་གྱི་གསུང་ལས། ལོ་ཤས་གྲོང་ཆེན་མཁན་པོ་བྱེད་འདོད་ཡོད་ཀྱང་བང་མི་ལ་ཉན་ལོང་མེད་པས་མ་བྱུང་གསུངས། དེ་ནས་རྗེ་འདི་ཉིད་མཁན་པོར་ཞུ་བའི་ཡིག་རྒྱ་དང་བཅས་རྗེ་དྲུང་སྐྱིད་པ་ཡབ་རྗེ་རྡོ་རྗེ་འཆང་ཆེན་པོའི་ཞབས་དྲུང་དུ་རྫོང་བདའ་བཞིན་ཡར་ལམ་གྲུབ་དབང་སྒྲོ་ལུང་པར་མཁན་ས་སུ་འོས་གསུང་བརྟག་ཞུས་ཀྱང་མ་གནང་བར། ས་སྐྱར་འབྱོར་ཚེ་ཡབ་རྗེ་དམ་པ་དེ་ཉིད་སྐྱེད་ལྷས་སུ་སྐུ་