R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༩༩
[A:༩༩]མཚམས་དང་འགྲིགས། མཛོད་དུ་དེ་སྐོར་འཕྲོས་པས། ལན་དུ། རྟ་ནག་གྲྭ་ས་ཆེ་གཤིས་གྲོང་ཆེན་པར་ཕན་སླེབས་མེད་ཚུལ་དང༌། ཡར་ལུང་ཞབས་དྲུང་རིན་པོ་ཆེའང་ས་ཁད་འགྱངས་པ་བཅས་ཇི་འདྲ། འོང་ངམ། ད་རུང་གྲྭ་ཚང་གྲོས་ཐོག་ནས་འོས་གཞན་དགོས་ཚུལ་འདྲ་མོ་བྱུང་ཡང༌། རྗེ་དྲུང་སྐྱིད་པས་འོས་ཐོ་འདི་གཉིས་མ་གཏོགས་མེད་པས་གསུང་བརྟགས་ལན་མ་ཐོན་བར་ཞག་གྲངས་ཇི་ཙམ་བསྒུག་དགོས་ཀྱང་དེ་བཞིན་བྱེད་ཅེས་ནན་ཏན་བགྱིས་པས། ཡབ་རྗེ་རྡོ་རྗེ་འཆང་ཆེན་པོས་བརྟག་སྒྲིལ་མཛད་པས་བཟང་ཐོན་དུ་རྗེ་འདི་ཉིད་བྱུང་བའི་གསུང་ལན་ཕེབ་པ་དང་བསྟུན་རྗེ་དྲུང་སྐྱིད་པ་གྲོང་མོ་ཆེར་འཕྲལ་དུ་ལོག་སྟེ། གྲྭ་ཚང་ནས་དབུས་འགྲོའི་གྲབས་ཡུལ་གྱི་རྗེ་འདི་ཉིད་ལ་ཞུ་ཤོག་དང༌། གཞུང་ཞབས་རིན་པོ་ཆེར་སྙན་སྦྲོན་ཆེད། བཀའ་བློན་ལུམ་པ་བ། ལོ་ཙཱ་རྗེ་དྲུང༌། གཡག་རོང་ཞབས་དྲུང་རྣམས་ལ་ཞུ་ཤོག་བཅས་གྲུབ་ནས། འདི་གར་གང་སྤྱིའི་གྲོས་བསྡུར་ལ་བྱུང་སྐབས། འདི་ནས་དབུས་གཙང་ས་ཁད་འགྱངས་པས་དགོན་པའི་ཡིག་རིགས་འཕྲལ་དུ་འགྲོ་མ་ཐུབ་ཚེ། ངོ་ཚབ་རྒྱལ་མཚན་རིན་ཆེན་དེང་སང་དབུས་ཕྱོགས་ལ་འཐོན་ཉེར་ཡོད་པས། དེ་དང་ཆབ་ཅིག་ལེགས་འདྲ་ཟེར་བ་བཞིན་འདར་གྲོང་བའི་ཤོག་རྒྱ་དང་བཅས་ཐོན། མ་འགྱངས་པར་འདར་གྲོང་མཆོད་གཞིས་ལ་པོ་ཏ་ལ་ཞོལ་གྱི་ཁྲལ་རིགས་འདེད་ཁྲ་ཐོན་པར་གཏན་ཚིགས་བཙན་དམིགས་སྤྱན་འབེབས་ཀྱིས་ཀྱང་གོ་མ་ཆོད་པར་རྗེ་དྲུང་འབྲུག་ཆོས་འཕེལ་ལྷ་སར་ཐོན་པ་དང་འདི་ཁའི་ངོ་ཚབ་ཐུག་པར་མཁན་སྐོར་ཐག་ཆོད་པ་ཞིག་མ་བྱུང་བས། ད་ལམ་ཁྱེད་རང་ཕྱིན་ཐོག་ཐག་ཆོད་པ་ཞིག་དགོས་ཟེར་བ་བཞིན། ལོ་ཙཱ་རྗེ་དྲུང་བརྒྱུད་གནས་ཚུལ་ཞུས་པས་དོན་སྨིན་གྱི་བཀའ་ཤོག་མཆོད་ཡོན་རིན་པོ་ཆེ་གཉིས་ཆར་གྱིས་སྩལ་