R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༠༦
[A:༤༠༦]སྨྲས་སོ།། །། ༈ གཉིས་པ་བསམ་སྒོམ་འཆད་རྩོད་ཀྱིས་མཚོན་ལུགས་བརྒྱའི་མཛད་ཕྲིན་ཀུན་གསལ་གྱི་ཐ་གྲུ་ལྟར་ཡངས་ཤིང་རྒྱ་ཆེ་བའི་ནང་ནས་བཀའ་འབངས་ཀྱི་ཐ་ཤལ་མུ་ཏོ་བ་བདག་གིས་ཆ་ཤས་ཙམ་ཞིག་རྙེད་པ་རྣམས་གོ་རིམ་བཞིན་ལོ་ཁམས་སོ་སོའི་ནང་དུ་ཇི་མཛད་མ་འཁྲུལ་བར་སྟོན་པ་ལ། དགུང་གྲངས་བཅུ་གཉིས་པ་ལྕགས་སྤྲེར་གསེར་ཁྲི་རིན་པོ་ཆེར་མངའ་གསོལ་གྲུབ་ནས་རིམ་གྱིས། རྗེ་རྡོ་རྗེ་འཆང་གང་གི་བསྟི་གནས་གསར་པ་བྱང་མར་གོང་འཁོད་ཀྱི་ཞལ་ངོ་སོགས་བཀའ་ཆོས་རིན་པོ་ཆེ་ཞུ་མི་རྣམས་ཀྱི་སྟེང༌། ཕྱག་གཉེར་མགྲོན་གཉེར་སོགས་འགའ་ཞིག་འཕར་བའི་ཉི་ཤུ་སྐོར་ལ། ས་ལོའི་ཡིག་སྟེང་ནས་རྗེ་བཙུན་འཇམ་པའི་དབྱངས་དམར་སེར་གྱི་རྗེས་གནང་སྩལ་སྐབས་ཡབ་རྗེ་རྡོ་རྗེ་འཆང་ཉིད་ཀྱིས་ཐོག་སྟེང་ནས་ཅི་འདྲ་བྱུང་འགྲོའམ་དགོངས་ཏེ་གཟིགས་པས། གྲུབ་འཕྲལ་རྗེ་རྡོ་རྗེ་འཆང་ཉིད་ལ་དེ་ལྟ་བུའི་གནང་ཚུལ་རྣམས་སྒོ་གངས་ནས་ལེགས་པར་འདུག་ཅེས་དབུགས་དབྱུང་གཟེངས་བསྟོད་ཀྱང་སྩལ་ཏོ། །དེ་ནས་རིམ་གྱིས་ལོ་ནད་དེར་འབྲུམ་ནད་དང་འབུར་ཡན་གཉིས་ཆར་བྱུང་སྟེ་བྱིངས་ཀྱིས་དབྱེ་དཀའ་བའི་དོགས་གནས་ཆེ་སྐབས། ཡབ་རྗེ་མཆོག་ཏུ་མཛོད་འཛིན་རྒྱལ་མཚན་རིན་ཆེན་ནས་གནས་ཚུལ་ཡང་ཡང་ཞུ་གནང་གི་ཕྱིར་ཕེབས་སུ་འབྲུམ་པ་མིན་ཚུལ་ཁོ་ན་བྱོན་པ་ནི། གཞན་ངོ་སྲུང་ཆེད་དང་གཏམ་སྦིར་སྣ་ཚོགས་ཀྱིས་བསྟན་ལར་གནོད་དོགས་རེ་ཞིག་འབྲུམ་པ་མིན་ཚུལ་ཁོ་ན་གསུང་མུར་ཡུམ་མཆོག་ནས་ཐུགས་སྒྲུབ་ཚེས་བཅུའི་ཆོ་ག་བརྒྱ་ཚར་གྲངས་གསོག་འགྲུབ་ཉེར་རྡོ་རྗེ་ཚེར་མས་བྲོ་འཚལ་སྐབས་བད་རླུང་ཡིན་ཚུལ་གླེང་རྐྱེན་གྱིས་སྤང་བླང་ཇི་བཞིན་པ་ཅི་ཡང་མ་གནང་ཞིང༌། རྔ་རོལ་མེ་ཉི་སོགས་སྤང་བྱ་བླང་བྱར་མཛད་ཀྱང་ཉམ་ཉེས་སུ་མ་གྱུར་བའི་གྲུབ་རྟགས་འདི་ནི་རྗེ་རྡོ་རྗེ་འཆང་ཉིད་ཀྱིའང་ཆུ་ཡོས་ལོའི་མཛད་པ་འོག་ཏུ་འཆད་རྒྱུ་དང་མཚུངས་པས་ཡུམ་སྲས་ཀྱི་གྲུབ་མཚན་ངོ་མཚར་ཅན་དུ་འཁུམས་སོ། །དེ་ནས་