R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༠༧
[A:༤༠༧]སྐུ་མཆེད་རྣམས་གཟིམ་སྐྱིལ་གསར་པ་ལས་འཕོས་ཏེ་རྗེ་ཉིད་རྩེའི་སྐུ་ཡོན་ཁང་དང༌། ཨ་ལྕེ་དྲུང་སྐུ་མཆེད་གཟིམ་ཤར་རྒྱལ་ཡུམ་དང་ཞལ་རྒྱས་སྐབས་མཆོག་དམན་མཐའ་དག་ཡབ་རྗེ་རྡོ་རྗེ་འཆང་རྒྱུན་སྐུ་གཅོང་ཆེ་བའི་སྟབས་ད་ལམ་ཅི་འདྲ་ཡོང་ངམ་སྙམ་ཅི་བྱ་གཏོལ་མེད་དུ་གྱུར་པའི་ངང་ནས། རྗེ་ཉིད་ཀྱིས་མཚོན་ཞལ་ངོ་རྣམས་དང་ཕྱག་གཉེར་ཆོས་སྡེ་ལྷོ་བྱང་དྲུང་སེར་སྐྱ་ཆ་ཞབས་ཁམས་དྲུང་སོགས་ནས་རང་རང་གི་འབྱོར་ཚོགས་དང་ཆབས་གཅིག་རྟེན་འབྲེལ་གྱི་གནད་དང་ལྡན་པའི་ཞབས་བརྟན་རྡོ་རྗེའི་རེ་ཁཱ་ཅན། སྔོན་འཇམ་མགོན་ས་སྐྱ་པཎྜི་ཏ་ཆེན་པོས་གང་གི་ཡབ་དཔལ་ཆེན་འོད་པོ་དང༌། བུ་སྟོན་རིན་པོ་ཆེས་གྲུབ་དབང་ཟླ་སེང་ལ་ཕུལ་བ་སོགས་ཀྱི་རྒྱུན་བཟང་དང་ཟང་ཟིང་གི་དངོས་པོ་ཕོངས་མེད་དུ་སྤུངས་ཏེ་སྤྱི་བྱེ་བྲག་གི་རིམ་གྲོ་བསྒྲུབ་པ་དང༌། ལྷག་པར་མཛོད་འཛིན་ནས་ཞབས་པད་ཡུན་རིང་དུ་བསྟན་པའི་ཞལ་བཞེས་ཞུས་སྐབས། ངོས་ལ་འབྲུམ་ནད་ཀྱིས་སྐྱོན་མི་ཡོང་སེམས་ལས་མི་དགོས་ཕེབས་པ་བཞིན་ཡབ་མེས་གོང་མའི་རྣམ་ཐར་ལྟར་གྱི་ལྷ་འབྲུམ་དཀར་པོ་བཞེས་ཏེ་ཞག་བཅུ་སྐོར་ལ་སངས་དེངས་ཀྱིས། གཞི་ཐོག་དབང་ཁང་ཐེག་ཆེན་རིན་པོ་ཆེའི་བཞུགས་ཁྲིའི་སྟེང་ནས་རྗེ་རྡོ་རྗེ་འཆང་ཆེན་པོ་སྐུ་མཆེད་ལྔ་སོགས་སྐལ་ལྡན་གྱི་སློབ་བུ་བཅོ་ལྔ་ཙམ་ལ། རྣལ་འབྱོར་དབང་ཕྱུག་བིརྺ་པའི་བཞེད་གཞུང༌། ཡོངས་རྫོགས་བསྟན་པ་རིན་པོ་ཆེའི་ཉམས་ལེན། གསུང་ངག་རིན་པོ་ཆེན་ལམ་འབྲས་བུ་དང་བཅས་པ་ཚོགས་བཤད་སྨིན་གྲོལ་ཆ་ལག་དང་བཅས་པ་གནང་བ་གསན་པའི་མགོ་ཚུགས་ཏེ། སྣང་གསུམ་རྒྱབ་ཆོས་སུ་བླ་མ་རྒྱ་བོད། གོང་མ་ལྔ། ཚོགས་ཉན། དཀར་བྲག །ཞང་བྲག །དཔལ་ཚུལ། བུདྡྷ་ཤྲཱིཿ ངོར་ཆེན། མུས་ཆེན། ཀུན་མཁྱེན་རྣམས་ཀྱི་རྣམ་ཐར། གསུང་ངག་ཁོག་ཕུབ་ལེགས་བཤད་འདུས་པའི་རྒྱ་མཚོ། ས་སྐྱ་བཀའ་འབུམ་ལུང་འཕྲོས་གང་འགྲོ།