R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༡༤
[A:༤༡༤] གནམ་གང་ལ་སྐུ་གདུང་རིན་པོ་ཆེ་གནས་བཅུར་ཕེབས་པ་ནས་བཟུང་དགུང་ཞག་ཞེ་དགུའི་བར་རྗེ་རྡོ་རྗེ་འཆང་སྐུ་མཆེད་གནས་སློབ་སོགས་སྒྲུབ་གྲོགས་ལྔས་དཔལ་ཀྱེ་རྡོ་རྗེའི་རས་དཀྱིལ་སྟེང་ནས་དགོངས་རྫོགས་སྒྲུབ་མཆོད་མཛད་སྐབས་ནམ་མཁའ་གཡའ་དག་ཅིང་མེ་ཏོག་གི་ཆར་ཉིལ་བ་སོགས་བྱུང་བའི་རྐྱེན་གྱིས། འགའ་ཞིག་གི་བློར་ཞིང་ཁམས་བརྗེས་པ་མིན་ནམ་སྙམ་པ་ཤར་རུང་གླེང་བརྗོད་མ་ནུས། སྐུ་རིམ་དུ་ཞལ་འཕངས་ཏེ་མང་ཇ་མཆོད་འབུལ་སོགས་མཛད་པ་དང༌། རྗེ་རྡོ་རྗེ་འཆང་ཆེན་པོས་དྲུག་པའི་བདག་མེད་སྒྲུབ་མཆོད་ལའང་ཕེབས། དགོངས་བསྐོར་འཁོར་བསྟུན་ཡབ་ཡུམ་ཟུང་གི་གཟིམ་ཆུང་དངོས་ཐོག་ནས་འཇལ། མང་འགྱེད། བརྒྱ་མཆོད་སོགས་གྲངས་མང་དང༌། འདུས་སྡེར་བླ་མ་མཆོད་ཆོག་ཚར་ཁ་ཤས། གཙང་དབུས་གནས་རྟེན་ལ་མཆོད་འབུལ། དགོན་དུ་མར་མང་སྐོལ་སོགས་དང༌། གདན་ས་གཞུང་ནས་འདུས་ཚོགས་སུ་བདེ་ཀྱེ་གསང་གསུམ། བདག་མེད་མ། མཁའ་སྤྱོད་མ། ཀུན་རིག་རྣམས་ཀྱི་སྒྲུབ་མཆོད་ཞག་བཅུ་བཞིར་མཆོད་གཏོར་གཟབས་ཤོམ། བསྙེན་བཀུར་གྱ་ནོམ་པ། གྲོལ་ཉིན་གཟིམ་ཆུང་ནས་འགྱེད་དང༌། གཞུང་ནས་མང་ཇ་སོགས་བསྙེན་བཀུར་རྒྱ་ཆེ་བ་མཛད། ཞལ་ངོ་སོ་སོ། ཆོས་སྡེ་རྣམ་གཉིས། དྲུང་སེར་སྐྱ། བླ་ཚང་ཁག །མི་སྡེ་བྱིངས་སོགས་ནས་རང་འབྱོར་དང་བསྟུན་པའི་དགེ་སྒྲུབ། གདུང་འབུལ། རྟེན་བཞེངས་ཞལ་ཐེབས་སོགས་དཔག་མེད་དང༌། གྲོ་བཞིན་སེར་འདུ་ཉིན་གཉིས་ལ་བསྙེན་བཀུར་བཟང་བ། གསུམ་པར་ཐང་སྟོན་མཆོད་འབུལ་བསྙེན་བཀུར། སྦྱིན་གཏོང་སོགས་བླ་མ་གོང་མའི་དགོངས་རྫོགས་དང་ཆ་འདྲའི་བསྔོ་སྨོན་སོགས་རྗེ་རྡོ་རྗེ་འཆང་སྐུ་མཆེད་ནས་ཡང་དག་པར་གསལ། གཞན་ཡང་འཕྲལ་ཡུན་གྱི་དགོངས་པ་ཟབ་མོ་རྫོགས་པའི་ཐབས་བླ་ན་མེད་པ་རྗེ་རྡོ་རྗེ་འཆང་ཆེན་པོའི་བཀའ་གསང་གིས་ལེགས་པར་