R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༡༣
[A:༤༡༣]དྲིན་ཆེ་བས་ཉིན་ཕྱེད་ཡན་ལ་གསལ་འགྱུར་མེད་ཀྱང་དེ་ནས་ཇེ་ཞན་གྱིས་གནས་སློབ་དེ་སྤྱན་ཆབ་མཛད་བཞིན་པར་རྗེ་ཉིད་ཀྱི་སྐུ་དྲུང་དུ་བྱུང་བས། ཐུགས་སྐྱོང་ངལ་གྱིས་གསུང་ཆེན་པོ་ཤོར་བྱུང་ཞེས་བཀའ་སྩལ། དེ་མཚམས་ནས་གཟིམ་ཆུང་དུ་ཕེབས་དགོས་ཀྱི་བཀའ་བཞིན་མཛད་པས་གཞན་རྣམས་ཞབས་བརྟན་གསོ་འདེབས་མཛད་མུ་དང༌། མཛོད་འཛིན་དེས་སྙན་སྒྲོན་མང་དུ་ཞུ་བའི་སྐབས་ཡབ་རྗེ་མཆོག་ནས་རྗེ་རྡོ་རྗེ་འཆང་ཉིད་ལ་སྤྱན་ཆེར་གྱིས་གཟིགས་ནས། སྣའང་གྲང་མོར་སོང་བ་དང་དབུགས་འདིའི་སྟབས་བཅས་ནམ་ཕྱེད་ཙམ་ལས་མི་ཐུབ་པ་འདྲ་གསུང་བས་ཐུགས་འཐོར་ནས་ཅི་མཛད་གཏོལ་མེད་ལྟར་གྱུར་པའི་སྒོ་ནས་བཞུགས་གནས་སུ་བྱོན་ཏེ། གསོལ་འདེབས་ལ་རྩེ་གཅིག་ཏུ་ཐུགས་གཞོལ་བའི་སྐབས་སུ་གཟིམ་ཆུང་ཟངས་དྲར་འོད་འཁྱུག་པ་དང༌། ཟངས་དྲ་སྐད་འབྱིན་པ་སོགས་རྗེ་རྡོ་རྗེ་འཆང་ཉིད་ཀྱིས་མངོན་སུམ་དུ་གཟིགས་པས་དཔའ་བོ་མཁའ་འགྲོའི་བསུ་བ་ཡིན་པར་ཐག་ཆོད་དགོངས་པ་འཁྲུངས༌། གང་ལྟར་ཡབ་རྗེ་རྡོ་རྗེ་འཆང་ནས་རྟོགས་ལྡན་ཆོས་ཉིད་རང་གྲོལ་བྱོན་བྱུང་བཞུགས་སྟན་ཐིངས་གསུངས་པ་ཡང་ཡང་ཕེབས་མུའི་ཐོར་འགོ་མ་ཟིན་ཙམ་ལ་ཞིང་འདིའི་གདུལ་བྱ་རེ་ཞིག་རྫོགས་ཏེ། དག་པ་ཆོས་ཀྱི་དབྱིངས་ཀྱི་ངང་དུ་བདེ་བར་གཤེགས་པའི་ཚུལ་བསྟན་འཕྲལ། དབུ་ལས་རླངས་པ་སྐྱ་བུན་གྱིས་བྱུང་བས་དབུ་ཞྭའང་ཆུ་རྒྱུན་ཅན་དུ་གྱུར་པ་དང༌། དེ་ནས་སྤུར་ཆས་རྣམས་གསོལ་ཏེ་མཆོད་རྫས་དབུས་སུ་བཞུགས་སུ་གསོལ། ཉེར་དྲུག་ནས་རྗེ་རྡོ་རྗེ་འཆང་སྐུ་མཆེད་སོགས་ཀྱིས་གནས་བཅུར་དགོངས་རྫོགས་བླ་མཆོད་བཀའ་དྲིན་ཆེ་ཞིང༌། དེའི་ཚེ་སྤྱིར་དབྱར་དུས་དང༌། སྒོས་པཎ་ཆེན་ཐམས་ཅད་མཁྱེན་པའི་མཆོག་སྤྲུལ་རིན་པོ་ཆེ་གང་གི་གདན་སར་ཕེབས་ཉེའི་སྟབས་མི་དབང་ཆེན་པོ་སོགས་གཙང་ཕེབས་དང༌། ལྷག་པར་དགོངས་བསྐོར་མ་འགུགས་པར་གསང་རྒྱ་དམ་པོར་མཛད།