R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༡༧
[A:༤༡༧]གྲུབ་ཀུན་དགའི་མཚན་དཔེའི་རྒྱལ་མཚན་དཔལ་བཟང་པོའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་ཡང་དག་པ་བཞེས་ཤིང༌། དེའི་དུས་སུ་མཚན་འབུལ་རྒྱུའི་ཐོ་རེངས་ཐར་རྩེ་བ་ཆེན་པོར། བུད་མེད་སྔོན་མོ་པི་ཝང་བསྒྱུར་བཞིན་པ་ཞིག་གིས་ངག་གི་དབང་ཕྱུག་ཀུན་དགའ་བློ་གྲོས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་ལུང་བསྟན་པ་བཞིན་དུ་མཚན་གྱི་མངའ་གསོལ་མཛད་པས། རྗེས་སུ་རྗེ་ཉིད་ཀྱི་གསུང་ལས། ཁོ་བོ་ལ་སྔགས་འཆང་གོས་དཀར་ཅན་དུ་དགོས་པའི་བརྡ་དེ་དུས་ནས་ཀ་བྱུང་ཞེས་ཡང་ཡང་གསུངས། དེ་ནས་མི་རིང་བར་མཁན་པོ་དབང་ཕྱུག་ཕུན་ཚོགས། ཀུན་དགའ་ཟླ་འོད། ནམ་མཁའ་སངས་རྒྱས། གྲགས་པ། ཀུན་དགའ་སངས་རྒྱས་སོགས་ལས་སླར་ཡང་ཐུབ་པ་འོད་ཟེར་འགྱེད་སྤྱན་འདྲེན་གྱིས། མདོ་ལས། ཁྱིམས་པ་རྣམས་ནི་མེ་འོབས་ན་གནས་པ་ལྟ་བུའོ། །རབ་ཏུ་བྱུང་བ་རྣམས་ནི་བསིལ་ཁང་ན་གནས་པ་ལྟ་བུའོ། །ཞེས་དང༌། ཀླུ་སྒྲུབ་ཀྱིས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཞེས་དང༌། སུམ་བརྒྱ་པར། ཉོན་མོངས་དགྲ་གཡུལ་རྒྱལ་བྱེད་ཚུལ་ཁྲིམས་ཏེ། །དགེ་ཚུལ་བརྟུལ་བཞུགས་ཆུ་ལོན་བརྩིགས་པ་དང༌། །འཆི་བའི་མཆེ་བ་འབྱིན་པར་བྱེད་པའི་ཐབས། །རྫོགས་པའི་བྱང་ཆུབ་དཔལ་ནོད་དབང་བསྐུར་ཡིན། །ཞེས་སོགས་གསུངས་པ་རྣམས་ཐུགས་མཚོར་བསྐྱིལ་ནས་རབ་ཏུ་བྱུང་བར་མཛད་དེ་སྔར་གྱི་མཚན་གྱི་སྟེང་དུ་སངས་རྒྱས་བསྣན་པས། དེ་ནས་བཟུང་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་སྙན་གྲགས་དོན་ལྡན་ཁོར་ཡུག་རི་བོའི་ཁོངས་སུའང་རྒྱུ་བ་དེ་ཉིད་ཡོངས་སུ་གྲགས་པར་གྱུར་ཅིང༌། དེ་ལོ་གདན་ས་ཆེན་པོའི་ཕུར་སྒྲུབ་ཀྱི་ཚོགས་དཔོན་འགན་བཞེས་མཛད་པ་ནས་བཟུང་སྐབས་འགའ་མ་གཏོགས་ལོ་ཁམས་ནང་དུ་འཁོད་མིན་ལ་མ་ལྟོས་པར་རྣམ་པ་