R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༡༨
[A:༤༡༨]ཀུན་ཏུའོ། །དབྱུག་ཟླའི་ནང་རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་བཅོམ་ལྡན་འདས་སྙིང་པོ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་སྨིན་བྱེད་ཀྱི་དབང་ཆ་ལྔ་ཞལ་ངོ་རྣམས་དང༌། ལས་ཚན་ཁག །ཆོས་གྲ་ཉི་ཟླ་ཟུང་གི་དགེ་འདུན་བཅས་ལ་སྩལ་བ་དེ་ནི་སྨིན་བྱེད་ཀྱི་དཀྱིལ་འཁོར་དུ་ཞལ་སློབ་རྗེས་སུ་བཟུང་བའི་སྒོ་དང་པོ་དང༌། མགོ་ཟླའི་དུས་མདོས་ཆེན་མོའི་ཚོགས་དཔོན་གྱི་ཐུགས་ཁུར་ཡང་བཞེས་ཤིང༌། བྲག་རྩ་རྡོ་རྗེ་འཆང་བློ་གསལ་བསྟན་འཛིན་རྒྱ་མཚོའི་སྐུ་དྲུང་དུ་དབང༌། རྗེས་གནང༌། ལུང་སོགས་མང་དུ་གསན། དེ་ནས་སྡེ་དགེ་དཔོན་བསོད་ནམས་མགོན་པོ་ཆིབས་བསྐྱོད་ཀྱིས་ཉེར་བདུན་ཉིན་གདན་སར་འབྱོར་ནས་དུས་མདོས་མ་གྲོལ་བར་གང་མཚམས་ཀྱི་བདག་རྐྱེན་ཡང་དག་པར་བཀའ་གསང་གིས་གདམས་སོ། །དེ་དག་གི་དོན་བསྡུ་ན། བག་ཡོད་སོ་ཐར་ཁྲིམས་ཀྱིས་སྒོ་གསུམ་མཛེས། །ཡབ་མེས་ལུགས་བཟང་འཁྲུལ་མེད་དོན་ལྡན་བསྐྱངས། །སྐལ་ལྡན་སྨིན་གྲོལ་ལམ་གྱིས་རྗེས་སུ་བཟུང༌། །རྟེན་འབྲེལ་མཆོད་ཡོན་ཉི་ཟླའི་དཀྱིལ་འཁོར་རྒྱས། །ཞེས་ཀྱང་སྨྲས་སོ།། །། ༈ དགུང་གྲང་བཅོ་ལྔར་ཕེབས་པ་ཆུ་ཕག་རྒྱལ་ཟླའི་འགོར། གང་གི་མདོ་སྨད་ས་སྐྱོང་ཆེན་པོ་ནས་ཞལ་རྒྱས་ཀྱི་དགའ་སྟོན་དངོས་འབུལ་རྨུགས་འཛིན་དབང་པོའི་གན་མཛོད་ཞལ་དབྱེ་བ་ལྟ་བུ་སྔོན་འགྲོའི་ལེགས་སྐྱེས་གྱ་ནོམ་པ་སྟོབ་པར་མཛད། སྐབས་འདིར་ཞུ་འོས་འདི་དག་ཀྱང་གླེང་སྟེ། རྗེ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ནི་བླ་མ་གོང་མ་རྣམས་ཀྱི་རྣམ་ཐར་ལ་ཟང་ཟིང་གི་དངོས་འབུལ་འདི་དང་འདི་ཞེས་བརྗོད་ཉོག་ཅན་དུ་སོ་སོར་མང་དུ་སྨོས་པ་དང༌། དོན་ཡོད་མེད་ལ་མ་ལྟོས་པར་སྐྱེ་བོ་ཕལ་པ་མང་པོའི་མིང་བཀོད་པ་དང༌། བརྗོད་དོན་བླ་མ་དེ་དེའི་ངོ་མཚར་མེད་པའི་རྗོད་བྱེད་མཛེས་མཚོན་ཅན་དང༌། ངོ་མཚར་ཆེ་ཆུང་ཇི་ལྟར་ཡང་ཡིན་ལུགས་དྲང་པོ་དེ་མི་བཀོད་པར་ཨ་ཕའི་གསོལ་ཞལ་གཙང་མའི་དཔེ་བཞིན་སྒྲོ་བཏགས་མང་དུ་བསྙད་པ་རྣམས་