R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༡༦
[A:༤༡༦]དང༌། བྱིན་རྟེན་ཕྲན་བུ། གདུང་འགྱེད་སོགས་གང་འཚམས་མཛད་ཅིང༌། གཞན་ཡང་ཞལ་ཐང་ཁ་ཤས། དུས་ཇ། དུས་དྲན་མཆོད་འབུལ། ཀྱེ་རྡོར་སྒྲུབ་མཆོད། སེར་འདུ་བཅས་སོ་སོའི་དཀར་ཆག་དང༌། གཏོང་དེབས་སུ་གསལ་བ་བཞིན་ཟབ་དགོངས་ཆོས་དབྱིངས་དེ་བཞིན་ཉིད་དུ་རྫོགས་ཐབས་ཐུགས་བསྐྱེད་སྤྱི་བྱེ་བྲག་མང་དུ་མཆིས་ཀྱང་འདིར་དེ་ཙམ་མོ། །རྒྱས་པ་ནི་ཡབ་རྗེ་དེ་ཉིད་ཀྱི་རྣམ་ཐར་དུ་གསལ་ཞིང༌། དེ་ནས་རྗེ་ཉིད་ཀྱིས་གདན་ས་ཆེན་པོའི་སྦྱིན་བདག་འགའ་ཞིག་ལ་གྲུབ་ཐོབ་དང་གྲུབ་རྒྱལ་གྱི་ཚེ་དབང་ཚར་ཁ་ཤས་ཡང་དག་པར་སྩལ་བའི་དུས་སུ་ཚེ་ཆང་ཕྱོགས་ཀུན་ཏུ་ལུད་པར་གྱུར་ཏོ། །དེ་དག་གི་དོན་བསྡུ་ན། ཀྱེ་མ་སྐྱབས་གཅིག་མཧཱ་གུ་རུའི་སྐུ། །ཞོ་འཐུངས་རུས་སྐྱེས་རྡོ་རྗེའི་རང་བཞིན་དེ། །སྙིགས་མའི་རང་མདངས་ཆོས་བདུད་འཐབ་མོ་ལས། །རྟེན་འབྲེལ་སྒོ་བརྒྱས་བཟློག་པའི་གནས་མ་གྱུར། །མཁའ་འགྲོའི་དབང་ཕྱུག་སྒྱུ་འཕྲུལ་གཤོག་རྒྱངས་ཀྱིས། །ས་འདིའི་སྣོད་བཅུད་དོར་ནས་དག་པའི་མཁར། །གཤེགས་པའི་རྗེས་སུ་སྐུ་གདུང་ཟ་མ་ཏོག །བསོད་ནམས་རྟེན་དུ་སྩལ་བའང་ངལ་བསོའི་གྲོགས། །དགོངས་ཟབ་ཆོས་དབྱིངས་དེ་བཞིན་རོ་གཅིག་ཏུ། །ཇེ་ཆེར་མངོན་པར་རྫོགས་པའི་ཕྱི་ནང་རྟེན། །རིང་བསྲེལ་རྣམ་བཞིའི་གང་བུ་གསར་བསྐྲུན་གྱི། །བཀའ་གསང་འདོམས་མཁས་རྒྱལ་སྲས་སེམས་དཔའ་ཆེ། །དག་སྣང་འོད་གསལ་ནམ་མཁའི་དཀྱིལ་འཁོར་ནས། །གདོད་མའི་མགོན་པོའི་རང་ཞལ་ཆུ་འཛིན་གཡོས། །བྱིན་རླབས་ཟིམ་ཆར་ཀུན་གཞིའི་ས་གཞིའི་ངོས། །བྱོན་འཕྲལ་བདེ་སྟོང་གསོས་ཀྱི་ངང་དུ་འབྱམས། །ཡེ་ཤེས་བྱིན་ཟས་སྦྱངས་པའི་གདུང་རུས་དུམ། །སླར་འབྱུང་རྟེན་འབྲེལ་བརྡ་ནི་འདི་ན་ཧོ། །སྔགས་འཆང་རྒྱལ་སྲས་མཆོག་གི་ངང་ཚུལ་གྱིས། །འགྲན་བྲལ་འཁོན་རིགས་སྤེལ་ཞེས་འདོམས་མིན་ནམ། །ཞེས་ཀྱང་སྨྲས་སོ།། །། ༈ དགུང་གྲངས་བཅུ་བཞིར་ཕེབས་པ་ཆུ་ཁྱི་ལོར་ཐར་རྩེ་རྡོ་རྗེ་འཆང་ནམ་མཁའ་བསམ་