R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༢༡
[A:༤༢༡]ཁྲི་རིན་པོ་ཆེར་མངའ་གསོལ་ལེགས་སྐྱེས་སུ་བསྟར་བས་རྟེན་འབྲེལ་གྱི་སྒོ་བརྒྱ་བཟང་དགུར་འཛོམ་པ་དང་ཆབས་གཅིག །མཇལ་རྟེན་དུའང་བཀྲ་ཤིས་པའི་ལྷའི་རེག་བྱས་ཇེང་དྲངས། ས་སྙིང༌། རིན་གཉིས་བྲེ་ཆེན། རྟ་ཕོ། ལྗོན་ལོ་འཁོར་དྲུག་དང་འབྲུ་དཀར་ལྟང་ཟུང་རྣམས་ཀྱིས་གཙོས་དང་གཙོས་མེད་ཀྱི་ཚན་པ་རྣམས་དགྱེས་རྫས་སུ་ཕུལ་བ་བདག་གིར་བཞེས་ནས། མཉེས་གཤིན་བརྩེ་བའི་གསུང་མཆིད་ཞིབ་ལྷུག་དང༌། ཚང་མར་གསོལ་སྟོན་རྒྱ་ཆེ་མུ་མེད་ལྟ་བུར་སྩལ་རྗེས་མཇལ་སློག་ཏུའང་རིན་གཉིས་ཀྱིས་གཙོས། གོས་ཡུག་རེ་ཡོད་པའི་ཚན་པ་བཅོ་ལྔ་ཙམ་དང༌། མཛོད་འཛིན་ཆེན་པོ་ནས་བཟུང་སྐུ་འཁོར་བ་ཚང་མར་གསོལ་རས་གྱ་ནོམ་པ་སྩལ། དེ་ཞབས་ཀྱི་ཕྱག་མཛོད་རིན་པོ་ཆེར་ཡང༌། དངུལ་སྲང་ལྔ་བཅུའི་ཐུམ་སོགས་ཀྱིས་གཙོས་ཚན་པ་བདེ་འབྱུང་གི་གྲངས་ལྡན་དང༌། མཇལ་སློག་ཏུའང་དངུལ་བྲེ་ཆེན། ཚན་པ་བུ་གའི་གྲངས་ལྡན་བཅས་དང༌། དེ་དུས་ཀྱི་སྣེ་ཤན་པར་སྐུ་གཉེར་དཔོན། མགྲོན་གཉེར། ལྷོ་གླིང་པ་བཅས་མཆིས་ཤིང༌། དངུལ་གདུང་རིན་པོ་ཆེ་རྣམ་གཉིས་ཀྱི་དབུས་དྲི་གཙང་ཁང་རྣམས་སུ་མཆོད་འབུལ། སྙན་ཤལ། རིས་མེད་པའི་བསྟན་བསྟན་འཛིན་རྒྱས་པའི་ཐུགས་སྨོན་གྱི་མཚམས་སྦྱོར་དང༌། འདུས་ཚོགས་དགེ་འདུན་སུམ་སྟོང་ཙམ་ལ་བསྙེན་བཀུར་དང་ཐུགས་འདོད་བཞིན་དངུལ་གདུང་འགག་ཏུ་ཕྱག་དབང༌། ཆིབས་བསུ་སྐྱེལ་བ་རྣམས་ལའང་གསོལ་རས་སྦམ་མཐོ་བ་སྩལ་བ་སོགས་ཐུགས་བྲེལ་རྣམས་རིམ་གྲུབ་ཀྱིས་ཆུ་ཤར་དུ་ཐབ་སྐྱེལ་དང་བཅས་ཕེབས་ཏེ། གསེར་ཅན་བླ་སྤྱི་ནས་སེར་ཕྲེང་སོགས་ཀྱིས་དགོན་པར་གདན་དྲངས་ཤིང༌། གནས་གཟིགས་ཐུགས་སྨོན་མཆོད་འབུལ་མང་ཇ་བསྙེན་བཀུར་དམ་འགྱེད་འདུས་ཚོགས་ལ་འཇམ་དབྱངས་དམར་སེར་གྱི་རྗེས་གནང༌། སྤྱི་སྒེར་མཇལ་ཕྱག་