R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༢༢
[A:༤༢༢]དམངས་ཕྱག་སོགས་འགྲོ་དོན་ལ་ཐུགས་གཞོལ་བའི་སྐབས་ཤིག་ཟུར་ཁང་སྡེ་པས། རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་དམར་པོ་སྐོར་གསུམ་གྱི་བེའུ་བུམ་པུསྟ་ཀ་གསུམ་ཕུལ་བར་ཕྱིས་སུའང་རྗེ་རྡོ་རྗེ་འཆང་ཆེན་གྱི་གསུང་ལས། ངོས་འགྲུལ་ཐོག་མའི་སྐབས་འབྱོར་བའི་བེའུ་བུམ་འདི་དག་རྗེ་བཙུན་ས་སྐྱ་པའི་བསྟན་སྲིད་ལ་རྟེན་འབྲེལ་གྱི་ལ་ཉེ་ཤིན་ཏུ་བཟང་བ་བྱུང་ཞེས་ཡང་ཡང་གསུངས་ཤིང་ད་ལྟའང་དཔེ་ཁང་ཆོས་མཛོད་ཆེན་མོར་བཞུགས་སུ་གསོལ་བ་ལགས། དེ་ནས་རིམ་ཕེབས་ཀྱིས་ཟངས་མཁར་སྤྲུལ་སྐུ་དང་རིན་རྫོང་འབྲས་ཡུལ་སྐྱེད་ཚལ་སོགས་ནས་ཆིབས་བསུ་མཇལ་ཞུ་ལེགས་འབུལ་དང་བཅས་དེར་འདུས་སྐྱ་སེར་བགྲང་ཡས་ལ་ཁྲོམ་དབང༌། གྲྭ་ཚང་ལ་བསྙེན་བཀུར་དམ་འགྱེད་བཅས་སྩལ་བ་ནི་དེ་སྐབས་ས་དགོན་ཡོངས་ལ་མཛད་དོ། །སང་ཉིན་བྱམས་ཆེན་གནས་གཟིགས་མཆོད་འབུལ་སྨོན་ལམ་སྙན་ཤལ་སོགས་ཀྱང་དེ་སྐབས་གནས་གཟིགས་ཐམས་ཅད་ཀྱི་སྐབས་སུ་མཛད་དོ། །ངུར་སྨྲིག་དང་ཀྱོག་པོ་གཉིས་ནས་སེར་ཕྲེང་གིས་བསུ་སྐྱེལ་གྱིས་རིམ་པ། དེ་ནས་དཔལ་དེའུ། གཟིམ་ཕུག །སྟག་ཁུ། ཞེ་རེ་སྐྱེད་ཚལ། གསལ་བྱེད་རྡོ་གླིང༌། སྙེ་ཐང་རྣམས་ནས་སེར་ཕྲེང་སོགས་ཀྱིས་ཆིབས་བསུ་སྐྱེལ་དཀར་སྤྲོ་ལེགས་འབུལ། གནས་གཟིགས། འགྲོ་དོན་རྣམས་མཛད་རྗེས་གསོལ་ཚིགས་སྒང་དུ་གོང་ས་མཆོག་ནས་སྩལ་བའི་ཆིབས་བསུ་བརྩེ་མགྲོན་སོགས་བཅུ་གཉིས་ཙམ་དང༌། ཤོད་ནས་ཀྱང་དེ་བཞིན་གྱིས་སྔུན་བསུས་མཇལ་གུར་དུ་ཕེབས་ཐོག་མི་རྗེ་མཆོག་གིས་མཚམས་ཞུ་མགུལ་དར་སོགས་བསྟར་བཞེས་དང༌། འཆི་མེད་དགའ་ཚལ་བཞུགས་སྒར་དུ་ཕེབས་འཕྲལ་ཡང་དགའ་ལྡན་ཁང་གསར་ནས་མགྲོན་གཉེར་ཆེད་མངགས་ཀྱིས་རྩེ་ཤོད་དུ་མཚམས་ཞུས་ལྷ་དར་སོགས་དང༌། བཀུར་གསོས་བདག་རྐྱེན་བླ་ན་མེད་པ་སྤྱི་སྒོས་ནས་མཆོད་ཡོན་བསྟན་ལར་དགོངས་པའི་གཟིགས་བསྐྱངས་བཀའ་དྲིན་ཆེ་