R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༢༠
[A:༤༢༠]རྡོ་རྗེ་འཆང་ཆེན་པོ་ཉིད་སྐུ་འཁོར་དང་བཅས། འཛམ་གླིང་རྟེན་གྱི་གཙོ་བོ་ཇོ་ཞལ་རྣམ་གཉིས་སོགས་དབུས་གཙང་གི་རྟེན་གྲགས་ཆེ་རྣམས་ལ་མཆོད་ཅིང་བསྙེན་བཀུར་བ་དང༌། རིས་མེད་རྒྱལ་བསྟན་རིན་པོ་ཆེ་དར་རྒྱས་ཡུན་བརྟན་ཐུགས་སྨོན་གྱི་མཚམས་སྦྱོར། འཕགས་མཆོག་ཕྱག་ན་པདྨའི་སྒྱུ་འཕྲུལ་རོལ་གར་འཆང་བ་རྒྱལ་བའི་དབང་པོ་མཆོག །མཧཱ་པཎྜི་ཏ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་སོགས་ལ་མཇལ་ཕྱག་ལེགས་སྐྱེས་བསྟར་བ་སོགས་ཀྱི་ཆེད་དུ། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་ནས་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ་བཀྲ་ཤིས་དར་རྒྱས་ཀྱི་མཎྜལ་དུ་གསོལ་ཚ། དགོན་རྒྱས་སུ་བཞུགས་ཞག །དེ་ནས་རིམ་གྱིས་ལྕང་གཤོངས། ལྕགས་རི་དང་རྩེ་ན་ཁ་སོགས་སུ་བཞུགས་ཞག་གིས་བསམ་གྲུབ་སྦུག་ཏུ་བླ་བྲང་མཆོག་ནས་གཟིམ་གུར། བཞུགས་ཁྲི། གནམ་རྒྱན་སོགས་སྔོན་འགྲོའི་ཐབས་བསུར་མགྲོན་གཉེར་བགྲེས་པ། གསོལ་དཔོན་ཆེན་མོ། དཔོན་ཚང་ཆེན་མོ་སོགས་ཀྱིས་མཚོན་དྲུང་འཁོར་འགའ་ཞིག་དང༌། གཞིས་རྫོང་མི་སྣ་སོགས་ཀྱིས་ཆིབས་བསུས་གསོལ་སྟོན་ཟུར་གསོས་རྣམས་ལེགས་པརདགྱེས་བཞེས་དང༌། དེ་ནས་ཐམས་ཅད་མཁྱེན་གཟིགས་ཆེན་པོའི་སྐུའི་གན་དུ་ཕེབས་སྐབས་དེ་ཞབས་ཀྱི་མཛོད་འཛིན་ཆེན་པོ་སྐུ་འཁོར་ནས་ཕྱག་མཛོད་འགག་ཏུ་བཀྲ་ཤིས་པའི་ལྷའི་རེག་བྱ་ཕུལ་ནས་ཕྱག་གསེར་གྱི་འཁོར་ལོ་དབུ་གཙུག་ཏུ་བཞེས། རིམ་གྱི་མ་ཧཱ་པཎྜི་ཏ་ཆེན་པོའི་སྐུ་མདུན་དུ་མཇལ་དར་རྩེ་སྤྲོད་བཀའ་དྲིན་ཆེ་ནས་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེར་ཁྲི་འབུལ་དུ། ཚན་པ་སོ་སོའི་འགོར་བཀྲ་ཤིས་པའི་མཛོད་བཏགས་ཀྱིས་ཇེང་དྲངས། དངུལ་སྲང་ལྔ་བཅུ་ཡོད་པའི་ཐུམ་གཉིས། གོས་རྒྱན་བཞི་སྤྲིན་རིས་ཡུག །ཕོ་རྟ་བཟང་བ། ཙན་དན་དམར་པོ་དུམ། ལྗོན་ལོ་འཁོར་དྲུག་བཞི། འབྲུ་དཀར་ལྟང་གཉིས་རྣམས་སོ་སོས་གཙོས་པའི་ཚན་པ་བཅུ་གཅིག །གཙོས་མེད་ཀྱི་ཚན་པ་བཅུ་གཉིས་རྣམས་གསེར་