R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༢༣
[A:༤༢༣]ཞིང༌། སྨིན་ཟླའི་ཚེས་གསུམ་ཉིན་གཟིམ་ཆུང་ཉི་འོད་འཁྱིལ་པར་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་མཆོག་གི་མཇལ་ཕྱག་ལ་རྗེ་རྡོ་རྗེ་འཆང་ཉིད་ཀྱིས་ཕྱག་འབུལ་མཛད་པ་དང་བསྟུན་རྒྱལ་བའི་དབང་པོ་མཆོག་ཀྱང་གསེར་ཁྲིར་སྐུ་བཞེངས་ཀྱིས་ཕྱག་ལེན་མཇལ་དར་ཕན་ཚུན་འབུལ་གནང༌། དབུ་ཐུག་སོགས་ཀྱིས་དབུག་དབྱུང་གཟེངས་བསྟོད་དང༌། གསོལ་ཇའི་སྐབས་ཕན་ཚུན་མཉེས་གཤིན་པའི་བཀའ་གསང་རྨད་དུ་བྱུང་བས་དུས་འདས་རྗེས། མགྲོན་ཁང་དུ་དཀར་སྤྲོའི་ཐོག །རྩེ་དྲུང་ཐུགས་དད་ཅན་རྣམས་ཀྱི་རེ་སྐོང་དང༌། ཚེས་དགུར་ལེགས་སྐྱེས་རྟེན་འབྱུང་བསྟར་བར་མཛད་པའི་སྔོན་དུ་འགྲོ་བ་མཎྜལ་གྱི་ཚོམ་བུ། མི་ཤིགས་རྡོ་རྗེའི་རེ་ཁཱ་ཅན་གྱིས་བཞུགས་སྟན། སྐུ་གསུང་ཐུགས་ཀྱི་རྟེན་རྣམས་དང་བཅས་གང་གི་སྤྱན་སྔར་འཁོད་དེ་མཎྜལ་འབུལ་བ། འགྲོ་ལ་བདེ་སྐྱིད་མ་སོགས་ཀྱི་གསོལ་འདེབས། ཞལ་བཞེས་ཞུ་བ་རྣམས་བཀའ་དྲིན་ཆེ་འཕྲལ་འབུལ་ཚན་བཅུ་ཕྲག་ལྔ་དང་ཉག་མ་ལྔས་ལྷག་པ་ལ་གཙོས་ཡོད་ཉེར་གཅིག །དེ་ཕྱིན་གཙོས་མེད་རྣམས་མཆོད་ཡོན་ཞལ་རྒྱས་ཀྱི་ལེགས་ལམ་བསླུ་མེད་རྟེན་འབྲེལ་གྱི་བདོག་པ་བརྡ་མཚོན་ཙམ་དུ་ཕུལ་བར་རྣམ་ཀུན་དོན་ཡོད་ཀྱི་རྗེས་འཛིན་མཁྱེན་པའི་མཐའ་འདོམས་དང་བཅས་མཛད་སྦྱོར་གྱི་ཐོག །ལྷ་ལྡན་གྱི་ཡུལ་གྲུ་མཐའ་དག་འཇའ་དང་རྨུགས་པས་གང་ཞིང༌། དགུང་གཡའ་དག་པ། ཉི་མའི་འོད་ཟེར་མངོན་པར་འབར་བ། བར་སྣང་ཐམས་ཅད་དུ་མེ་ཏོག་གི་ཆར་པ་བུ་ཡུག་ཏུ་འཚུབས་པར་འདུག་ཅེས་ལྷ་ལྡན་སྐྱེ་དགུ་ཕལ་ཆེར་ནས་གླེང་མོར་བསྒྲགས་པར་གྱུར་ཏོ། །གནས་དེའི་ཇོ་ཤཱཀ་རྣམ་གཉིས་ཀྱི་དབུས་འཕྲུལ་སྣང་གནྡྷོ་ལ་ཆེན་པོའི་རྟེན་ཇི་སྙེད་པའི་སྤྱན་སྔར། སྟོང་མཆོད་རྒྱས་འབྲིང་བསྡུས་གསུམ་དེ་བས་ནང་བཞིན་གྱི་འབྲིང་པོའི་མཆོད་འབུལ་སྙན་ཤལ། རྒྱལ་བསྟན་དེ་འཛིན་རིས་སུ་མ་ཕྱེད་པ་དར་རྒྱས་ཡུན་བརྟན་ཐུགས་སྨོན་གྱི་མཚམས་སྦྱོར་སོགས་